རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་དོན་ལུ་ ད་ཚུན་ དང་འདོད་ཅན་གྱི་ མི་ངོམ་༡༢༨ ཀྱིས་ ཐོ་བཀོད་འབད་ཡོདཔ།

༉ སྤྱི་ལོ་༢༠༡༨ ལུ་ རྩ་ཁྲིམས་ཅན་གྱི་དམངས་གཙོའི་རིང་ལུགས་ཀྱི་ རྒྱལ་ཡོངས་ཚོགས་སྡེ་ ཐེངས་༣ པའི་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིན་མིའི་ནང་ འཐུས་མི་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ ད་ཚུན་སྤྲོ་བ་བསྐྱེད་མི་ མི་ངོམ་༡༢༨ ཐོན་ཡོདཔ་ད་ དེ་ཡང་ དམངས་གཙོའི་རིང་ལུགས་ནང་ འབྲུག་མི་ཚུ་གིས་ ངོས་ལེན་ལེགས་ཤོམ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཐོ་དང་འཁྲིལ་བ་ཅིན་ རྫོང་ཁག་༢༠ གི་དོན་ལུ་ འཐུས་མི་སྦེ་བཅའ་མར་གཏོགས་ནིའི་དོན་ལུ་ ལྷན་ཚོགས་དང་གཅིག་ཁར་ མི་ངོམ་༡༢༨ ཀྱིས་ ཐོ་བཀོད་འབད་མིའི་གྲས་ལས་ ཕོ་སྐྱེས་༡༢༡ དང་ ཨམ་སྲུ་༧ ཡོདཔ་ཨིན་པས།
ཐོ་བཀོད་འབད་མི་དང་འཁྲིལཝ་ད་ མི་ངོམ་མཐོ་ཤོས་ར་ དར་དཀར་ནང་ལུ་༡༨ དང་ དེའི་འོག་ལས་ མོང་སྒར་ལུ་༡༣ རྩི་རང་ལུ་༡༠ སྤུ་ན་ཁ་ལུ་༩ ལྷུན་རྩེ་དང་བསམ་གྲུབ་ལྗོངས་མཁར་ དེ་ལས་ གསར་སྤང་རྫོང་ཁག་ཚུ་ནང་༨ དེ་ལས་ ཐིམ་ཕུག་དང་ བཀྲིས་སྒང་ལུ་༧ རེ་ ཐོན་ཡོདཔ་ཨིན་པས།
ཉུས་ཤོས་དེ་ར་ བུམ་ཐང་ལུ་ མི་ངོམ་༡ དང་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་ལུ་༢ བཀྲིས་གཡང་རྩེ་དང་ ཧཱ་ལུ་༣ མགར་ས་དང་ སྤ་རོ་ དེ་ལས་ བསམ་རྩེ་ལུ་༤ ཆུ་ཁ་ལུ་༥ དེ་ལས་ གཞལམ་སྒང་དང་ པདྨ་དགའ་ཚལ་ལུ་༦ གིས་ ཐོ་བཀོད་འབད་མི་ཐོན་ནུག།
སྙན་ཞུ་དང་འཁྲིལ་བ་ཅིན་ ལ་ལོ་ཅིག་ རྒེད་འོག་གཅིག་ནང་ལས་ར་ མི་ངོམ་༤ དེ་ཅིག་ཐོན་ཡོདཔ་ད་ བཙག་འཐུའི་ལམ་ལུགས་དང་འཁྲིལ་བ་ཅིན་ ཁོང་གིས་ ཧེ་མ་ར་ རྒེད་འོག་གི་གནས་ཚད་ནང་ དོ་འགྲན་འབད་དེ་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་དེ་གིས་ རྫོང་ཁག་གི་གནས་ཚད་ནང་ དོ་འགྲན་འབད་དགོཔ་ཨིན་པས།
འབྲུག་གི་བཙག་འཐུས་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སང་ཕོད་ རྒྱལ་ཡོངས་ཚོགས་སྡེ་ནང་ འཐུས་མི་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ སྤྲོ་བ་བསྐྱེད་མི་ ལེ་ཤ་འཐོན་ནིའི་ གོ་སྐབས་འདུག་ཟེར་ཨིནམ་ད་ དེ་ཡང་ ད་ལྟོ་ ཐོ་བཀོད་འབད་ནི་ འགོ་བཙུགཔ་ཅིག་ར་ མི་ལེ་ཤ་ཐོན་ནི་དེ་གིས་ཨིན་པས།
ཁོ་གིས་སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་ནང་ དོ་འགྲན་འབད་ནི་ལུ་ བཅའ་མར་གཏོགས་ནིའི་ སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ ལྷན་ཚོགས་ཀྱིས་ སྤྱི་ཟླ་༡༠ པའི་ནང་ ཚོགས་སྡེ་དང་འབྲེལ་བའི་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དེའི་དོན་ལུ་ ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ནིའི་དུས་ཚོད་དེ་ མཇུག་ར་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ ཨིན་ཟེར་ཨིནམ་ལས།
དེ་བསྒང་ གོམས་འདྲིས་ལས་རིམ་དང་ བཙག་འཐུ་གི་ བྱ་སྒོའི་རིམ་པ་ རྒྱལ་ཡོངས་ཚོགས་སྡེ་དང་འབྲེལ་བའི་ འགན་ཁུར་དང་ འགན་དབང་ཚུ་གི་སྐོར་ལས་ བཤད་དེ་བྱིན་ནི་ཨིནམ་ད་ ལ་ལོ་ཅིག་གིས་ ཐོ་བཀོད་འབད་ནིའི་ དུས་ཚོད་མཇུག་དེ་ སྤྱི་ཟླ་༩ པའི་ཚེས་༢༠ ཨིན་ཟེར་བའི་སྐབས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ འཐུས་མི་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ ཐོ་བཀོད་ཀྱི་ གོ་བ་ལེན་མི་ཡང་ཡོདཔ་ལས་ ད་ལྟོ་ཐོ་བཀོད་ཀྱི་དུས་ཚོད་ ལེ་ཤ་ཡོད་ཟེར་ འགོ་དཔོན་དེ་གིས་ སླབ་ཨིན་པས།
ད་ཚུན་ འཐུས་མིའི་དོན་ལུ་ ཐོ་བཀོད་གྲུབ་མི་༡༢༨ ལས་ ཁོང་༩༤ གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ད་ མི་ངོམ་༢༨ ལུ་ གཙུག་ལག་གོང་མའི་ཤེས་ཚད་ ཁོང་༥ ལུ་ གཙུག་ལག་ཆེ་རིམ་གྱི་ཤེས་ཚད་ དེ་ལས་༡ ལུ་ དགེ་བཤེས་ཀྱི་ཤེས་ཚད་ཡོདཔ་ཨིན་པས།
འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ འཐུས་མི་སྦེ་བཅའ་མར་གཏོགས་དགོ་པ་ཅིན་ ཤེས་ཚད་ཉུང་ཤོས་ མཐོ་རིམ་སློབ་གྲྭ་ མཐར་འཁྱོལ་མི་དགོཔ་ཨིན་པས།
ཁོང་གི་གྲས་ཁར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༩༤ ལས་ མང་ཤོས་ཅིག་ ལཱ་གཡོག་གི་ ཉམས་མྱོང་མེད་མི་ཡོདཔ་ད་ དེ་ཡང་ ལཱ་གཡོག་མ་ཐོབ་ནི་དེ་གིས་ཨིནམ་བཞིན་དུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མིའི་ གོ་སྐབས་ལེན་དོ་ཡོདཔ་ད་ ལ་ལོ་ཅིག་ འདས་པའི་བཙག་འཐུ་ཐེངས་༢ ཆ་རའི་ནང་ བཙག་འཐུ་གྲུབ་མ་ཚུགས་མི་ཚུ་ཨིན་པས།
ད་ལྟོ་ ཐོ་བཀོད་འབད་མིའི་ གནས་ཚད་ལུ་བལྟ་བ་ཅིན་ སང་ཕོད་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ དོ་འགྲན་ཅན་ཅིག་ འོང་ནི་ཨིནམ་མི་དེ་ཡང་ ད་རེས་ ཐོ་བཀོད་འབད་བའི་ ནམ་དུས་ཨིནམ་མ་ཚད་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེ་དེ་ ཧྲམ་མ་འགྱོ་བར་ ཡོད་ནི་དེ་གིས་ཨིན་པས།
ད་རེས་ཀྱི་ རྒྱལ་ཡོངས་ཚོགས་སྡེ་དེ་ དུས་ཅིའི་ ལོ་མཇུག་བསྡུ་ཁམས་ཅིག་ཁར་ ཧྲམ་གཏང་པའི་སྐབས་ སང་ཕོད་ཀྱི་བཙག་འཐུ་ནང་ དོ་འགྲན་འབད་མིའི་གྱངས་ཁ་ ལེ་ཤ་གིས་ ཡར་སེང་འགྱོ་ནི་ཨིན་མི་དེ་ཡང་ ད་ལྟོའི་འཐུས་མི་ མང་ཤོས་ཅིག་གིས་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་ འོས་འབབ་ཡོད་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *