རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་གྱིས་ དཔྱད་ཡིག་༢ ཀྱི་དོན་ལུ་ ཚོགས་དཔོན་དང་གྲོས་བསྟུན་འབད་ནི།

༉ འབྲུག་གི་གནས་དབྱུང་དཔྱད་ཡིག་༢༠༡༩ དང་ བློན་པོ་དང་ དེ་དང་འདྲ་མཉམ་གྱི་ གོ་གནས་འཆང་མི་ཚུ་གི་ ཐོབ་ཐངས་དཔྱད་ཡིག་༢༠༡༩ ཅན་མ་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་བསྡུར་མ་འབད་བར་ རྒྱལ་ཡོངས་ཚོགས་སྡེ་ལུ་ ལོག་བཏང་ཡོད་མི་དེ་ བར་ལམ་འཚོལ་ཞིནམ་ལས་ ཚོགས་སྡེའི་ཁྲི་འཛིན་དང་ ཚོགས་དཔོན་༢ ཀྱིས་ དཀའ་ངལ་སེལ་ཐབས་འབད་ནི་སྦེ་ བཞག་ཡི།
ཁ་ཙ་ དཔྱད་ཡིག་དེ་༢ ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་བསྡུར་འབདཝ་ད་ རང་བཞིན་ཐོན་སྐྱེད་དང་མཐའ་ཁོར་གནས་སྟངས་ལྷན་ཚོགས་ཀྱི་ ཚོགས་ཆུང་གིས་ དཔྱད་ཡིག་༢ པོ་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་བསྡུར་མི་འབད་ནི་སྦེ་ ཐག་བཅད་མི་དེ་ལུ་ ཚོགས་ཆུང་༢ ཀྱིས་ ལོག་གྲོས་བསྡུར་འབད་དེ་ ཚོགས་ཁང་གོང་འོག་གི་ གཙོ་འཛིན་༢ ལུ་ བར་སེལ་འགྲིག་ནིའི་ལམ་ལུགས་ཅིག་ བལྟ་དགོ་པའི་ གྲོས་འདེབས་འབད་ནི་ལུ་ གྲོས་འཆམ་བྱུང་ཡི་ཟེར་ ཞུ་ཡི།
དེ་ལུ་ ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ གནད་དོན་དེ་ལུ་ ཚོགས་དཔོན་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ཚོགས་སྡེ་ནང་ ལོག་སྙན་ཞུ་འབད་ནི་གི་ ངོས་ལེན་འབད་བའི་ཤུལ་ལས་ གྲོས་བསྡུར་དེ་ཅིག་སྦེ་ མཚམས་འཇོག་འབད་བཞག་ཡི།
རང་བཞིན་ཐོན་སྐྱེད་དང་མཐའ་ཁོར་གནས་སྟངས་ལྷན་ཚོགས་ཀྱི་ ཚོགས་ཆུང་གི་ཁྲི་འཛིན་འོགམ་ བཀྲིས་གཡང་རྩེའི་འཐུས་མི་ ཀརྨ་རྒྱལ་མཚན་གྱིས་ དཔྱད་ཡིག་ལུ་ བསྐྱར་ཞིབ་འབད་བའི་སྐབས་ རྒྱལ་ཡོངས་ཚོགས་འདུ་གིས་ ལོག་སྟེ་ བསྐྱར་གྲོས་ཀྱི་དོན་ལུ་ བཏང་མིའི་སྐོར་ལས་ བཅའ་ཁྲིམས་ཚུ་ནང་ ཁ་གསལ་མིན་འདུག་ཟེར་ཞུ་ཡི།
དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཐེངས་༢༣ པའི་ནང་ ཆ་འཇོག་འབད་དེ་ སྤྱི་ཚོགས་༣ པའི་ཚོགས་ཐེངས་༣ པའི་ནང་ གྲོས་བསྡུར་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ལུ་ བཏང་ནུག།
ཚོགས་འདུ་གིས་ ད་རེས་ཀྱི་ ཚོགས་རིམ་གྱི་ སྤྱི་ཟླ་དང་པའི་ཚེས་༡༦ ལུ་ ལྷག་ཐེངས་དང་པ་འབད་བའི་ཤུལ་ལས་ ཚོགས་འདུའི་འཐུས་མི་ཚུ་གིས་ ལགཔ་ཡར་འཐུ་སྟེ་ དཔྱད་ཡིག་དེ་༢ ལུ་ གྲོས་བསྡུར་མི་འབད་ནི་སྦཻ་ ཐག་བཅད་ནུག།
ཚོགས་སྡེ་གིས་ དཔྱད་ཡིག་དེ་གཉིས་ སྤྱི་ཟླ་དང་པའི་ཚེས་༢༡ ལུ་ ལོག་ཐོབ་པའི་སྐབས་ དཔྱད་ཡིག་༢ ལུ་ སྐར་ཆ་༣ རེ་འབད་དེ་ཡོདཔ་ལས་ ཚོགས་ཆུང་ལུ་ ལོག་སྟེ་ བསྐྱར་ཞིབ་འབད་ནིའི་ འགན་ཁུར་སྤྲོད་ནུག།
ཁྲི་འཛིན་འོགམ་གིས་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེའི་བཅའ་ཁྲིམས་དང་ རྩ་ཁྲིམས་ཆེན་མོ་ཚུ་ལུ་ ལྟ་བའི་སྐབས་ ཚོགས་འདུ་གིས་ ལོག་བཏང་མི་དེ་ ཁྲིམས་དེ་ཚུའི་ནང་ ཁ་གསལ་མིན་འདུག་ཟེར་ཞུ་ཡི།
དེ་འབདཝ་ལས་ ཚོགས་ཆུང་གིས་ ཐག་ག་ནི་ཡང་ མ་བཅད་པའི་ཧེ་མར་ དཀའ་ངལ་དེ་གི་དོན་ལུ་ གྲོས་བསྟུན་འབད་དགོ་པའི་ གྲོས་འདེབས་ཕུལ་དོ་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *