རྒྱལ་ཡོངས་ཚོགས་སྡེ་གིས་ བིམསི་ཊེག་ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོའི་དོགས་སེལ་གྱི་ཞུ་བ།

༉ གཞུང་གིས་ བསྟན་འཛིན་ལེགས་འཕེལ་དེ་ བེ་ཨོཕ་བེང་གཱལ་གྱི་ འཕྲུལ་རིག་དང་དཔལ་འབྱོར་མཉམ་འབྲེལ་རྩོལ་སྒྲུབ་༼བིམསི་ཊེག༽ ཀྱི་དོན་ལུ་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་སྦེ་ བཏོན་ནི་གི་ གྲོས་ཐག་བཅད་མི་དེ་ ད་ལྟོ་ རྒྱལ་ཡོངས་ཚོགས་སྡེའི་ ནན་ཞིབ་ནང་ ཡོདཔ་ཨིན་པས།
དེ་ཡང་ བསྐྱར་ཞིབ་ཚོགས་ཁང་གི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་ལུ་ ཡི་གུ་ཅིག་ བྲིས་མི་དེ་ནང་ འབྲུག་ལས་ གོ་གནས་ཀྱི་ གདམ་ངོ་བཏོན་ནིའི་དོན་ལུ་ ཁྱད་ཚད་ག་དེ་སྦེ་ར་ ཡོདཔ་ཨིན་ན་དང་ དྭངས་གསལ་གྱི་དོན་ལུ་ གོ་གནས་དེ་གི་ ས་སྟོང་གསལ་བསྒྲགས་འབད་མ་འབད་ དེ་ལས་ འདེམས་ངོ་གཞན་ཚུ་ཡང་ བལྟ་མ་བལྟ་ དོགས་སེལ་འབད་གནང་ཟེར་བཀོད་ནུག།
ཕྱི་འབྲེལ་དྲུང་ཆེན་ལུ་བྲིས་མི་ ཡི་གུ་དེ་ནང་ གཞུང་སྐྱོང་ལེགས་ལྡན་ཡར་དྲག་གཏང་ནི་དང་ དམངས་གཙོའི་རིང་ལུགས་ཀྱི་བརྩི་མཐོང་ གོང་ལུ་བཀུར་ཐབས་ལུ་ རྒྱལ་ཡོངས་ཚོགས་སྡེ་དེ་ བསྐྱར་ཞིབ་ཚོགས་ཁང་ཅིག་འབདཝ་ལས་ གནད་དོན་དེ་ལུ་ བསྐྱར་ཞིབ་འབད་དགོཔ་ཡོད་པའི་ ཚོར་སྣང་བྱུང་ཡི་ཟེར་བཀོད་ནུག།
དེ་འབདཝ་ལས་ ཚོགས་སྡེ་གིས་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་ལུ་ ཕྱི་འབྲེལ་ལྷན་ཁག་ལུ་ ཡི་གུ་འབྲི་དགོ་པའི་ བཀོད་རྒྱ་བྱིན་ཡི་ཟེར་ཨིན་པས།
ད་རུང་ ཚོགས་ཆུང་གིས་ བིམསི་ཊེག་དང་ སཱག་མཐུན་ཚོགས་ཡིག་ཚང་གཉིས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ཚུ་ འཐུས་མི་རྒྱལ་ཁབ་ཚུ་གིས་ སྐོར་རྒྱབ་ཐོག་ལས་ གདམ་བསྐོ་འབད་དོ་ཡོདཔ་ལས་ མཐུན་ཚོགས་༢ ཀྱི་ ཡོངས་ཁྱབ་དྲུང་ཆེན་བགྲེསཔ་ཚུ་གི་ རྒྱབ་ཁུངས་དང་ ངོ་སྤྲོད་ཚུ་གི་ ཁ་གསལ་དགོ་འདོད་བཀོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ ཁ་ཙ་དྲོ་པར་ ཚོགས་སྡེ་ལས་ ཡི་གུ་ཐོབ་ཡོདཔ་ཨིན་རུང་ ལན་གསལ་ཡི་གུ་མ་བྲིས་བར་ཡོདཔ་ལས་ འཕྲལ་མགྱོགས་ར་ དོགས་སེལ་འབད་འོང་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ལྷན་ཁག་གི་ཧོངས་ལས་ གཞུང་གི་བཀའ་རྒྱ་དང་འཁྲིལ་ གདམ་ངོའི་བྱ་རིམ་ཚུ་ མཇུག་བསྡུ་ཡོདཔ་ད་ སྤྱི་ཟླ་༩ པའི་ཚེས་༢ ལུ་ བིམསི་ཊེག་གི་ ཆེ་མཐོ་འགོ་དཔོན་གནས་རིམ་གྱི་ ཞལ་འཛོམས་ཐེངས་༢༡ པའི་ནང་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་དེ་ ངོས་ལེན་གྲུབ་ཡོདཔ་བཞིན་དུ་ གནས་ཡུན་ལོ་༣ འབད་མི་ ཡོངས་ཁྱབ་དྲུང་ཆེན་གྱི་ མི་ངོ་གདམ་འཐུ་འབད་ནིའི་ སྐོར་རྒྱབ་དེ་ འབྲུག་ལུ་ཕོགཔ་ཨིན་པས།
ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ བིམསི་ཊེག་གི་ ཡོངས་ཁྱབ་དྲུང་ཆེན་བསྐོ་བཞག་གི་དོན་ལུ་ ཡིག་ཐོག་གི་ ཁྱད་ཚད་མེདཔ་མ་ཚད་ འཐུས་མི་རྒྱལ་ཁབ་ཚུ་གི་ ནང་འཁོད་ལུ་ གྲོས་འཆམ་བྱུང་པའི་ གྲོས་བཅུད་བཀྲམ་སྤེལ་འབད་འབདཝ་ ག་ནི་ཡང་མེདཔ་ཨིན་པས།
དེ་འབདཝ་ད་ བིམསི་ཊེག་ཡིག་ཚང་ནང་ ལཱ་འབད་མི་ འགོ་དཔོན་བགྲེསཔ་ཅིག་གིས་ སླབ་མིའི་ནང་ ཁྱད་ཚད་བཟོ་བཟོཝ་མེད་རུང་ སྤྱིར་བཏང་གི་ གོ་བ་ལེན་ཐངས་དེ་ གདམ་ངོ་བཏོན་མི་ འཐུས་མི་རྒྱལ་ཁབ་ཀྱིས་ སྤྱི་གཡོགཔ་ཡོངས་གྲགས་ཅན་དང་ ཡང་ཅིན་ ཉམས་མྱོང་ཅན་གྱི་ ཞི་གཡོགཔ་གོངམ་ཅིག་ དེ་མེན་རུང་ ཕྱི་འབྲེལ་ལྷན་ཁག་ནང་ ཡུན་རིངམོ་སྦེ་ ཕྱག་ཞུ་མི་ ཕྱི་འབྲེལ་དོན་གཅོདཔ་ཅིག་ ངོས་འཛིན་འབད་བའི་གྲངས་སུ་ བརྩི་འཇོག་འབདཝ་ཨིན་མས་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ འཐུས་མི་རྒྱལ་ཁབ་རྐྱངམ་གཅིག་གིས་མ་དོ་བར་ འཛམ་གླིང་རྒྱབ་ཁབ་ཀྱི་ གཞུང་ཚབ་ཚུ་དང་ འབྲེལ་བ་འཐབ་དགོཔ་ལས་ གདམ་ངོ་བཏོནམ་ད་ འཐུས་མི་རྒྱལ་ཁབ་ལས་ ཤེས་ཡོན་ཅན་དང་ ཉམས་མྱོང་ཅན་ དེ་ལས་ དྲུང་ཆེན་དང་ གཞུང་ཚབ་ ཡང་ཅིན་ བློན་པོ་སྦེ་ ཕྱག་ཞུ་མི་ཅིག་ ངོས་འཛིན་འབད་ནི་དེ་ གལ་ཆེ་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་ གཞི་བཙུགས་འབད་མི་ཅིག་ཨིན་མི་ བསྟན་འཛིན་ལེགས་འཕེལ་དེ་ ཁ་ཙ་ཚུན་ ཚོགས་པའི་འཐུས་མི་སྦེ་ར་ སྡོད་ཡོད་པའི་ཁར་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་འབད་རུང་ ཁོ་ སྲིད་ཚོགས་ནང་ལས་ དགོངས་ཞུ་མ་འབད་བར་ཡོད་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *