རྒྱལ་ཡོངས་ཚོགས་སྡེ་གིས་ སྲིད་བྱུས་གལ་ཅན་ཚུ་གུ་ གསུང་གྲོས་གནང་ནི།

༉ ད་རིས་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ ཁྲིམས་བཟོའི་གནད་དོན་༦ དང་ སྲིད་བྱུས་དོན་ཚན་༤ དངུལ་འབྲེལ་གྱི་གྲོས་གཞི་ དེ་ལས་ གྲོས་གཞི་གཞན་ཚུ་གི་ཐོག་ལུ་ གསུང་གྲོས་གནང་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ གནམ་དགུན་གྱི་ཚོགས་ཐེངས་འདི་ ཡུན་རིང་སུ་ཅིག་སྦེ་ འཚོགས་ནི་ཨིན་མི་དེ་ཡང་ གཞུང་སྐྱོང་ལུ་ དུམ་གྲ་ཅིག་ གྲ་སྒྲིག་མ་ཚུགས་པའི་ཁར་ གསུང་གྲོས་གནང་པའི་ གྲོས་གཞི་མང་སུ་ཡོད་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
ཚོགས་སྡེ་བཟུམ་ཅིག་འབད་བ་ཅིན་ དགུན་གྱི་ཚོགས་ཐེངས་ནང་ གསུང་གྲོས་གནང་ནིའི་གྲོས་གཞི་ཚུ་ གནམ་བྱཱར་གྱི་ ཚོགས་ཐེངས་མཇུག་བསྡུཝ་ཅིག་ གྲ་སྒྲིག་འབད་ནི་ཡོད་ཟེར་ཨིན་པས།
ཚོགས་སྡེའི་ཁྲི་འཛིན་འོགམ་གིས་ སླབ་མི་དང་འཁྲིལཝ་ད་ ཚོགས་ཐེངས་འདི་ནང་ གསུང་གྲོས་གནང་ནིའི་དོན་ལུ་ ཚོགས་སྡེའི་འཐུས་མི་ཚུ་ ཚོགས་ཆུང་༥ ལུ་ བགོ་བཤའ་རྐྱབ་ཡོདཔ་བཞིན་དུ་ གསུང་གྲོས་གནང་དགོ་པའི་གནད་དོན་ཚུ་ གནམ་བྱཱར་གྱི་ ཚོགས་ཐེངས་མཇུག་བསྡུ་ཞིནམ་ལས་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ འགན་འཁྲི་དང་བསྟུན་ འབྲེལ་ཡོད་འགོ་དཔོན་ཚུ་དང་ བསྐྱར་ཞིབ་དང་ ཞིབ་འཚོལ་ དེ་ལས་ གསུང་གྲོས་གནང་པའི་གྲུབ་འབྲས་ཚུ་ཨིན་ཟེར་ཨིན་པས།
དེ་ཡང་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ མི་ནག་ཚོང་དང་འབྲེལ་བའི་ སྲིད་བྱུས་བསྐྱར་ཞིབ་ཀྱི་སྙན་ཞུ་གུ་ གསུང་གྲོས་གནང་ནི་དང་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ཤེས་རིག་གི་སྤུས་ཚད་སྲིད་བྱུས་ རང་བཞིན་སླར་འབྱུང་ཚོགས་ཆུང་གིས་ སོ་ནམ་དང་འབྲེལ་བའི་ཚོང་འབྲེལ་སྲིད་བྱུས་ དེ་ལས་ དཔལ་འབྱོར་ལེགས་ལྡན་ཚོགས་ཆུང་གིས་ སྣུམ་འཁོར་ནང་འདྲེན་དང་འབྲེལ་བའི་ སྲིད་བྱུས་ཚུ་གུ་ གསུང་གྲོས་གནང་ནི་ཨིན་པས།
དེ་ལས་ ཁྲིམས་བཟོ་ཚོགས་ཆུང་གིས་ ཁྲིམས་བཟོ་དང་འབྲེལ་བའི་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་འཕྲི་སྣོན་དཔྱད་ཡིག་༢༠༡༩ ཅན་མ་དང་ འདས་པའི་གནམ་བྱཱར་གྱི་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་གནང་སྟེ་ ཚོགས་སྡེ་ལུ་ལྷོད་མི་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་འཕྲི་སྣོད་དཔྱད་ཡིག་༢༠༡༩ ཅན་མ་གུ་ གསུང་གྲོས་གནང་ནི་ཟེར་ ཨིན་པས།
དེ་བཟུམ་སྦེ་ ད་རེས་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ འབྲུག་གི་ལྷན་རྒྱས་གཞུང་ཚོགས་ཀྱི་དཔྱད་ཡིག་༢༠༢༠ ཅན་མ་དེ་ ཁྲིམས་གསརཔ་སྦེ་ འགོ་ཐོག་གསུང་གྲོས་གནང་ནི་ཨིན་ཟེར་ཨིན་པས།
ཚོགས་སྡེའི་ ཚོགས་ཐེངས་༢༣ པའི་ནང་ གསུང་གྲོས་གནང་མི་དེ་ ད་རེས་ ལོག་གསུང་གྲོས་གནང་དགོ་མི་དེ་ཡང་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་གི་ གནས་དབྱུང་དཔྱད་ཡིག་དང་ བློན་པོ་དང་འདྲ་མཉམ་གྱི་ གོ་གནས་འཆང་མི་ ཐོབ་ཐངས་ཀྱི་དཔྱད་ཡིག་ རྩ་ཁྲིམས་ཅན་གྱི་གོ་གནས་འཆང་མི་ ལྷན་འཛིན་དང་ ཁྲི་འཛིན་ཚུ་གི་ཐོབ་ཐངས་དང་ཞབས་ཏོག་དཔྱད་ཡིག་འཕྲི་སྣོན་ དེ་ལས་ དམངས་རྩིས་ཚོགས་ཆུང་གི་སྙན་ཞུ་བསྡུ་སྒྲིག་འབད་མི་ རྩིས་ཞིབ་དབང་འཛིན་གྱི་སྙན་ཞུ་གུ་ གསུང་གྲོས་གནང་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་ནང་ དངུལ་འབྲེལ་གྱི་དཔྱད་ཡིག་ཁག་༨ གུ་ གསུང་གྲོས་གནང་ནི་ཨིན་མི་དེ་ ཚོགས་སྡེ་ནང་ཡང་ གསུང་གྲོས་གནང་ནི་ཨིན་པས།
དེ་ཡང་ འབྲུག་གི་འོང་འབབ་ཁྲལ་གྱི་འཕྲི་སྣོན་དཔྱད་ཡིག་དང་ འབྲུག་གི་དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ འཕྲི་སྣོན་དཔྱད་ཡིག་ འབྲུག་གི་ཁྲལ་འཕྲི་སྣོན་དཔྱད་ཡིག་ འབྲུག་གི་ལྟ་བཤལ་ཁྲལ་དགོངས་ཡངས་དཔྱད་ཡིག་ འབྲུག་གི་རྒྱུ་ཁྲལ་དཔྱད་ཡིག་ འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་དཔྱད་ཡིག་ དངུལ་ཕོགས་བསྐྱར་བཟོའི་འཕྲི་ སྣོན་དཔྱད་ཡིག་ དེ་ལས་ རྩིས་ལོ་༢༠༡༩ དང་༢༠༢༠ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་གུ་ གསུང་གྲོས་གནང་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༢༤ པ་དེ་ ཁ་ཙ་ འགོ་བཙུགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *