རྒྱལ་ཡོངས་ཚོགས་སྡེ་གིས་ དངུལ་ཕོགས་བསྐྱར་བཟོའི་དཔྱད་ཡིག་ལུ་ གྲོས་འདེབས་ཁག་༧ ཕུལ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་དཔྱད་ཡིག་༢༠༡༩ ཅན་མ་ལུ་ གྲོས་འདེབས་ཁག་༧ ཕུལ་ཐོག་ལས་ བསྡུར་འབད་ཡི།
ཚོགས་སྡེ་གིས་ གཞུང་གིས་ དཔྱད་ཡིག་དེ་ ཚོགས་ཁང་ནང་ ངོ་སྤྲོད་འབད་བའི་སྐབས་ དངུལ་རྩིས་ལྷན་ཚོགས་ཀྱི་དོན་ལུ་ ཁྲིམས་ལུགས་གསརཔ་བཟོ་ནི་དང་ སྤྱི་ལོ་༢༠༡༢ ཅན་མའི་ མི་མང་དངུལ་རྩིས་འཕྲི་སྣོན་བཅའ་ཁྲིམས་ཀྱི་ དོན་ཚན་༤༦ པའི་ ཀ་པ་དང་ཁ་པ་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་བཅའ་ཁྲིམས་༢༠༠༨ ཀྱི་ དོན་ཚན་༢༣༨ ཚུ་ ཁྲིམས་མཐུན་བཟོ་ཐོག་ལས་ འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།
དེ་བཟུམ་སྦེ་ ཚོགས་ཁང་གོང་འོག་གཉིས་ཀྱིས་ དཔྱད་ཡིག་ངོ་སྤྲོད་འབད་བའི་སྐབས་ ལམ་ལུགས་ཀྱི་སྐོར་ལས་ གྲོས་བསྟུན་ཚུ་ འབད་དགོ་པའི་ཁར་ དངུལ་ཕོགས་ཡར་སེང་དེ་ཡང་ འཚོ་བའི་གནས་སྟངས་དང་ སྐྱ་ནམ་གོང་ཚད་དང་འཁྲིལ་ འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།
འཐུས་ཡར་སེང་འབད་བའི་སྐབས་ དམིགས་དོན་གྱི་ཐོག་ལས་ ཁྱད་ཚད་བཟོ་སྟེ་ འབད་དགོ་པའི་ཁར་ སྤྱིར་སྙོམས་ཕན་གནོད་ཚུ་ཡང་ ཞིབ་འཚོལ་འབད་དགོ་པའི་ཁར་ དམིགས་དོན་བཟོ་ཐོག་ལས་ ཡར་སེང་གི་དོན་ལུ་ ཐོན་ཁུངས་ངོས་འཛིན་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།
ཚོགས་སྡེ་གིས་ དངུལ་ཕོགས་ཀྱི་ཚད་གཞི་དེ་ཡང་ ལམ་ལུགས་དང་འཁྲིལ་ བཟོ་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་ད་ བུམ་ཐང་གི་འཐུས་མི་ ཉི་མ་གིས་ ཁྲིམས་སྤྱི་བློན་པོ་དང་ཚོགས་དཔོན་གཉིས་ལུ་ བློན་པོ་ཚུ་དང་ཕྱདཔ་ད་ བརྒྱ་ཆ་༡༣ གྱིས་ ཐེབས་ཡར་སེང་བྱིན་མི་དེ་ མ་བཏུབ་སྦེ་ ཞུ་ཡི།
འཐུས་མི་གིས་འབད་བ་ཅིན་ ཚོགས་སྡེའི་ཁྲི་འཛིན་ཡང་ ཁྲིམས་བཟོའི་ཚོགས་ཁང་གི་ འགོ་འཛིན་ཅིག་འབདཝ་ལས་ ཁོ་ལུ་ཡང་ འོས་འབབ་འདུག་ཟེར་ཨིན་པའི་ཁར་ དེ་མིན་ ཁོང་གཉིས་ཀྱི་དངུལ་ཕོགས་དེ་ཡང་ གཞན་བློན་པོ་ཚུ་དང་ འདྲན་འདྲ་བཞག་དགོཔ་ལས་ གཞུང་གི་གྲོས་འདེབས་ལུ་ རྒྱབ་སྐྱོར་མེད་ཟེར་ཞུ་ཡི།
མགར་སའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ ཁྲིམས་སྤྱི་བློན་པོ་དང་ ཚོགས་དཔོན་གྱི་དངུལ་ཕོགས་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་བཅའ་ཁྲིམས་དང་འཁྲིལ་བྱིན་མི་གིས་ བཏུབ་པས་ཟེར་ཞུ་ཡི།
ཆུ་ཁའི་འཐུས་མི་ སངས་རྒྱས་རྡོ་རྗེ་གིས་ མི་མང་ལས་མི་ཚུ་གི་དངུལ་ཕོགས་དེ་ ད་རེས་ ཉིནམ་༡ ནང་ དངུལ་ཀྲམ་༢༡༥ རེ་ཐོབ་མི་དེ་ དངུལ་ཀྲམ་༣༠༠ ལུ་ ཡར་སེང་འབད་བ་ཅིན་ ཟླཝ་༡ ནང་ དངུལ་ཕོགས་དངུལ་ཀྲམ་༩༠༠༠ རེ་ འཐོབ་ནི་ཨིནམ་ལས་ བྱིན་ཚུགས་པ་ཅིན་ ཁོང་གིས་ ལཱ་འབད་སའི་གནས་སྟངས་དེ་ འཁོར་ལམ་བདའ་ གནམ་གཤིས་ག་བཟུམ་ཡོད་རུང་ དཀའཝ་བཅད་དེ་ དཀའ་སྡུག་མྱོང་དགོ་དོ་ཡོདཔ་ལས་ ཡར་སེང་གི་གྲོས་འདེབས་ཕུལ་ཡི།
དངུལ་ཕོགས་ལྷན་ཚོགས་ཀྱིས་ འབུ་རས་དམརཔོ་གཉིས་སྐལམ་ ཐོབ་མི་ཚུ་གི་དོན་ལུ་ འཐུས་དངུལ་ཀྲམ་༡༠,༠༠༠ རེ་ བྱིན་དགོ་པའི་ གྲོས་འདེབས་ཕུལ་མི་དེ་ གཞུང་གིས་ཆ་མེད་བཏང་ཡོད་རུང་ ཚོགས་སྡེ་གིས་ བྱིན་ནིའི་འོས་འབབ་འདུག་ཟེར་ གྲོས་འདེབས་ཕུལ་ཡི།
མགར་སའི་འཐུས་མི་གིས་ འབུ་རས་དམརཔོ་ཐོབ་མི་ཚུ་ དགོངས་ཞུ་འབད་བའི་ཤུལ་ལས་ ལ་ལོ་ཅིག་ གླ་འཁོར་ནང་ལས་ཕར་ཡང་ འགྲོ་འགྲུལ་འབད་བའི་ ལོ་རྒྱུས་ཡོདཔ་ལས་ འཐུས་བྱིན་ནི་ལུ་ འོས་འབབ་མཐོངམ་མས་ཟེར་ཞུ་ཡི།
བཀྲིས་སྒང་གི་འཐུས་མི་ ལྷ་ཀྲུ་གིས་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཐུས་བྱིན་དོ་བཟུམ་སྦེ་ ནདཔ་སྐྱེལ་འདྲེན་འབད་མི་ དེད་གཡོགཔ་དེ་ཡང་ གློ་བུར་དུ་ ཉིན་ནུབ་མེད་པར་ ཉེན་ཁ་འབག་ཐོག་ལས་ ནདཔ་སྐྱེལ་འདྲེན་འབད་དགོཔ་ལས་ འོས་འབབ་འདུག་ཟེར་ཞུ་ཡོདཔ་ད་ དེ་བཟུམ་སྦེ་ སྨན་ཁང་ནང་ ལཱ་འབད་མི་གཞན་ཡང་ ཕྱགསམ་འཕྱག་མི་དང་ སྨན་ཁབ་དང་སྨན་དང་འབྲེལ་བའི་ རག་རོ་འཐུ་མི་ཚུ་ལུ་ཡང་ ནད་གཞི་མ་འདྲཝ་འབུ་ནིའི་ ཉེན་ཁ་ཡོདཔ་ལས་ འཐུས་འཐོབ་དགོཔ་འདུག་ཟེར་ཞུ་ཡི།
འཐུས་མི་ཚུ་གིས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ དེད་གཡོགཔ་དང་ ས་སྣུམ་ དེ་ལས་ སྣུམ་འཁོར་བཅོ་འཐུས་ཚུ་ འཐོབ་ནིའི་ལམ་ལུགས་བཟོ་ཡོད་མི་ལུ་ མི་མང་གིས་ འོས་འབབ་མེད་པའི་འཐུས་ ལེན་དོ་བཟུམ་ ཚོར་དོ་ཡོདཔ་ལས་ གཞུང་གིས་ དེད་གཡོགཔ་དང་གཅིག་ཁར་ སྒྲིག་གཡོག་དོན་ལུ་ སྣུམ་འཁོར་རེ་བྱིན་དགོ་པ་ཅིན་ ཟད་འགྲོ་དེ་བ་ལྕི་དྲགས་སྦེ་ གནས་འོང་ཟེར་ དོགས་སེལ་ཞུ་ཡི།
ཧཱ་གི་འཐུས་མི་གིས་ གཞུང་གིས་ དེད་གཡོགཔ་དང་གཅིག་ཁར་ སྒྲིག་གཡོག་དོན་ལུ་ སྣུམ་འཁོར་གནང་པ་ཅིན་ འཐུས་ལེན་ནིའི་རེ་བ་མེད་ཟེར་ཞུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ འཐུས་མི་ཚུ་གིས་ དེད་གཡོགཔ་གི་ལཱ་ཚུ་ག་ར་ འབད་དགོ་ཟེར་ཞུ་ཡི།
སྣུམ་འཁོར་ནང་འདྲེན་གྱི་ཁྲལ་ དགོངས་ཡངས་ཐད་ཁར་ འཐུས་མི་ཚུ་གིས་ ས་གནས་གཞུང་གི་ཁྲི་འཛིན་ཚུ་ལུ་ཡང་ སྒྲིག་གཡོག་དོན་ལུ་ སྣུམ་འཁོར་དགོཔ་འདུག་ཟེར་ གྲོས་འདེབས་ཕུལ་ཡི།
ཆུ་ཁའི་འཐུས་མི་གིས་ ཁྲི་འཛིན་ཚུ་ལུ་ སྣུམ་འཁོར་གྱི་འོས་འབབ་ཡོདཔ་ལས་ དེ་གིས་ རྒེད་འོག་ནང་འཁོད་ལུ་ འགྲོ་འགྲུལ་འབད་བའི་སྐབས་ སྟབས་བདེ་བའི་ཁར་ ཁྲི་འཛིན་གྱི་གནས་ཡུན་དེ་ ཚང་བའི་ཤུལ་ལས་ ཤུལ་ལས་བཙག་འཐུ་འགྲུབ་མི་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ ཞུ་ཡི།
ཨིན་རུང་ ད་རིས་ ཚོགས་སྡེ་གིས་ མཐའ་བཅད་གྲོས་བསྡུར་གནང་མིའི་གྲོས་འདེབས་དེ་ ཚོགས་འདུ་ལུ་ གཏང་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *