ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ འགོ་བཙུགསཔ་དང་འབྲེལ་ འཐུས་མི་ཚུ་གིས་ ས་གཏེར་འཛིན་སྐྱོང་གི་བཅའ་ཁྲིམས་སྐོར་ལས་ གྲོས་བསྡུར་འབད་བའི་བསྒང་།

རྒྱལ་ཡོངས་ཚོགས་སྡེ་གིས་ ས་གཏེར་འཛིན་སྐྱོང་གི་བཅའ་ཁྲིམས་༡༩༩༥ ཅན་མ་ འཕྲི་སྣོན་འབད་དགོ་པའི་ ཞུ་བ་ཕུལ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ས་གཏེར་འཛིན་སྐྱོང་གི་བཅའ་ཁྲིམས་༡༩༩༥ ཅན་མ་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་མཐུནམ་སྦེ་ བཟོ་ནིའི་དོན་ལུ་ འཕྲི་སྣོན་འབད་ནི་གི་ ལཱ་འགོ་བཙུགས་དགོ་པའི་ གྲོས་འཆར་ ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་རྒྱལ་དང་ དར་དཀར་ནང་ བསམ་རྩེ་ དེ་ལས་ གཞལམ་སྒང་གི་ འཐུས་མི་ཚུ་གིས་འབད་བ་ཅིན་ གཞུང་གིས་ དཔྱད་ཡིག་ཆ་འཇོག་གི་དོན་ལུ་ ཚོགས་ཐེངས་འདི་ནང་ བཙུགས་ནི་སྦེ་ ཁས་བླངས་འབད་མི་དང་འཁྲིལ་ འགྱོ་མ་བཏུབ་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁ་ཐུག་ལས་ ས་གཏེར་དང་གཏེར་ཁའི་བཅའ་ཁྲིམས་༡༩༩༥ ཅན་མ་དེ་ རྩ་ཁྲིམས་ཆེན་མོ་དང་མཐུནམ་སྦེ་ བསྐྱར་བཟོ་མ་འབདཝ་ཚུན་ འཕྲལ་མགྱོགས་སྦེ་ར་ ས་གཏེར་ཚུ་ གླ་ཁར་བྱིན་ནི་དང་ གསརཔ་གླ་ཁར་གཏང་ནི་ཚུ་ བཀག་འཛིན་འབད་དགོ་པའི་ གྲོས་འདེབས་འབད་མི་ལུ་ སྙན་ཞུ་འབད་ཕུལ་ཡི།
དེ་ཡང་ བསྟན་རྒྱས་བློན་པོ་གིས་ གསལ་ཞུ་འབད་མི་དང་འཁྲིལཝ་ད་ གཞུང་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་གཅིག་ཁར་ གྲོས་བསྟུན་འབད་ལྟ་བའི་སྐབས་ ཁོང་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་འབད་མི་ཚུ་ཡང་ ཁྲིམས་དང་འཁྲིལ་ཏེ་ཨིནམ་ལས་ ད་ལྟོ་གི་ ས་གཏེར་གོང་འཕེལ་སྲིད་བྱུས་༢༠༡༧ ཅན་མ་དེ་ཡང་ ཁྲིམས་འགལ་མ་མཐོངམ་ལས་ ད་ལྟོ་ཡོད་མི་ སྲིད་བྱུས་དང་ཁྲིམས་ཚུ་ ལག་ལེན་འཐབ་སྟེ་ འབད་དོ་ཟེར་ཨིན་པས།
དེ་མ་ཚད་ ས་གཏེར་དང་གཏེར་ཁའི་ལཱ་ཚུ་ བཀག་ཆ་འབད་དེ་བཞག་པ་ཅིན་ དེ་གིས་ དཔལ་འབྱོར་གྱི་ལཱ་ལུ་ ཐོ་ཕོག་ནི་ཨིནམ་ལས་ ལཱ་ལུ་མི་གནོད་ནིའི་དོན་ལུ་ བཅའ་ཁྲིམས་དང་ས་གཏེར་གོང་འཕེལ་གྱི་སྲིད་བྱུས་༢༠༡༧ ཅན་མ་ཚུ་ ལག་ལེན་འཐབ་སྟེ་ འབད་ནི་ཟེར་ བཤད་ནུག།
ཚོགས་སྡེའི་ཁ་ཐུག་ལས་འབད་བ་ཅིན་ ས་གཏེར་གོང་འཕེལ་སྲིད་བྱུས་༢༠༡༧ ཅན་མའི་ དོན་ཚན་༣.༤.༢ ནང་ འཁོད་དེ་ཡོད་མའི་ནང་ ས་གཏེར་དང་རྡོ་གཏེར་ལུ་ ལོ་ངོ་༣༠ གི་དོན་ལུ་ གླ་ཁར་གཏང་ཆོག་ཟེར་མི་དེ་ རྩ་ཁྲིམས་ལས་ འགལ་བ་ཨིནམ་ལས་ བཀག་ཐབས་འབད་གནང་དགོཔ་སྦེ་ ཞུ་ནི་ཟེར་ཨིན་པས།
ཨིན་རུང་ ལྷན་ཁག་གི་ ཁ་ཐུག་ལས་འབད་བ་ཅིན་ དཔལ་འབྱོར་གོང་འཕེལ་སྲིད་བྱུས་༢༠༡༧ ཅན་མ་དང་ སའི་བཅའ་ཁྲིམས་༢༠༠༧ དེ་ལས་ ས་གཏེར་འཛིན་སྐྱོང་སྒྲིག་གཞི་༢༠༠༢ ཅན་མ་ཚུ་ནང་འབད་བ་ཅིན་ ས་གཏེར་དང་ས་ཆ་ཚུ་ ལོ་ངོ་༣༠ གི་རིང་ གླ་ཁར་བཏང་དོ་ཡོདཔ་ལས་ དེ་དང་འཁྲིལ་ཏེ་ འབད་ཡི་ཟེར་ཨིན་པས།
ཚོགས་སྡེ་གིས་འབད་བ་ཅིན་ ས་གཏེར་དང་རྡོ་གཏེར་ཟེར་མི་ཚུ་ གཞུང་དང་ མི་སེར་གྱི་རྒྱུ་ནོར་ཨིནམ་ལས་ དུས་ཡུན་རིངམོ་སྦེ་ གླ་ཁར་བཏང་མི་དེ་གིས་ མི་ཕྱུགཔོ་ཚུ་ ཧེང་སྐལ་ཕྱུགཔོ་དང་ སྤྱང་ཀ་ཚུ་ སྤྱང་ཀ་སྦེ་ར་ ལུས་ནིའི་ཉེན་ཁ་ཡོདཔ་ལས་ ཧེ་མ་ ལོ་ངོ་༥ ལས་༡༥ འི་བར་ན་ གླ་ཁར་བཏང་མི་ཚུ་ ད་ལྟོ་ ལོ་ངོ་༣༠ བཏང་འབདཝ་ད་ དེ་གིས་ མི་གི་བར་ན་ ཁྱད་པར་འབྱུང་ནིའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ལྷན་ཁག་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་རིང་ ས་གཏེར་དང་རྡོ་གཏེར་ མང་རབས་ཅིག་ གླ་ཁར་བཏང་ཡོདཔ་ད་ གླ་ཁར་བཏང་མི་གི་ ལོ་གྲངས་དེ་ཡང་ ཁོང་གི་སྦོམ་ཆུང་དང་འཁྲིལ་ཏེ་འབད་ཡོདཔ་ལས་ ད་ལྟོ་ མཐོ་ཤོས་དེ་ར་ ལོ་ངོ་༢༥ གི་རིང་ བཏང་ཡོད་མི་ གདུང་བསམ་རྩི་ས་ལས་འགུལ་དང་ གིར་ཇ་རྡོ་གཏེར་དེ་ ལོ་ངོ་༢༠ གི་དོན་ལུ་ བཏང་ཡོདཔ་སྦེ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༡ པའི་ནང་ ས་གཏེར་ལས་ཁུངས་ཀྱིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཡི་གུ་བྲིས་མི་དང་འཁྲིལཝ་ད་ ཁོང་ལུ་ འཆར་དངུལ་ལངམ་མེདཔ་ལས་ བཅའ་ཁྲིམས་དེ་ བསྐྱར་བཟོ་འབད་མི་ཚུགས་ནི་མས་ཟེར་ ཨིན་པས།
འཐུས་མི་ཚུ་གིས་འབད་བ་ཅིན་ འདས་པའི་ཚོགས་ཐེངས་ཀྱི་ དྲི་བཀོད་ལས་རིམ་སྐབས་ལུ་ བསྟན་རྒྱས་བློན་པོ་ ལེགས་སྐྱིད་རྡོ་རྗེ་གིས་ དཔྱད་ཡིག་དེ་ གྲོས་བསྡུར་འབད་ཞིནམ་ལས་ ཆ་འཇོག་འབད་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
བསམ་རྩེ་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ སངས་རྒྱས་མཁའ་འགྲོ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ཧད་བཏགས་ཕར་འཕུལ་ཚུར་འཕུལ་སྦེ་ སྡོད་པའི་སྐབས་ར་ དཔྱད་ཡིག་ཁག་ཆེ་དྲགས་ཅིག་ གྲོས་བསྡུར་འབད་ནི་གི་ གོ་སྐབས་བྱང་ད་ཡི་ཟེར་ཨིན་པས།
ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་རྒྱལ་གྱིས་ གྲོས་འདེབས་ཕུལ་མི་དང་འཁྲིལ་ཏེ་ ཚོགས་སྡེའི་ཁྲི་འཛིན་ བསོད་ནམས་ཀུན་དགའ་གིས་ ཚོགས་ཐེངས་འདི་ མཇུག་མ་བསྡུ་བའི་ཧེ་མ་ལས་ ལྷན་ཁག་ལུ་ ཞུ་ཡིག་ཕུལ་ཞིནམ་ལས་ སྤྱི་ལོ་༢༠༠༨ ལས་ འགོ་བཙུགས་ཏེ་ བསྐྱར་བཟོ་འབད་མི་ ས་གཏེར་དང་གཏེར་ཁའི་ ཐོ་ཡིག་ཅིག་ ལེན་ནི་ཨིན་ཟེར་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ གནད་དོན་དེ་ འཕྲལ་མགྱོགས་སྦེ་ར་ སེལ་དགོཔ་ཨིནམ་ལས་ འཐུས་མི་ཚུ་ སོ་སོར་སྦེ་ ཞལ་འཛོམས་འཚོགས་ཏེ་ ས་གཏེར་འཛིན་སྐྱོང་བཅའ་ཁྲིམས་༡༩༩༥ ཅན་མ་དེ་ ཆ་འཇོག་འབད་ནིའི་དོན་ལུ་ ཤུལ་མའི་ ཚོགས་ཐེངས་ནང་ གྲོས་བསྡུར་འབད་ནི་ཨིན་ན་མེན་ན་ ཐག་བཅད་ནི་ཟེར་ཨིན་པས།
ཁྲི་འཛིན་བསོད་ནམས་ཀུན་དགའ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་མཇུག་དེ་ར་ ད་རེས་ཀྱི་ ཚོགས་ཐེངས་འདི་ཨིན་རུང་ ག་དེམ་ཅིག་སྦེ་ དཔྱད་ཡིག་གྲ་སྒྲིག་འབད་དེ་ ཆ་འཇོག་འབད་ནི་ཨིན་ཟེར་ ཐག་བཅད་པ་ཅིན་ དཔྱད་ཡིག་གྲ་སྒྲིག་འབད་དེ་ ཚོགས་ཐེངས་ཤུལ་མམ་ནང་ བཙུགས་ནི་གི་ དུས་ཚོད་ཡོད་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས། རང་ཟླ་༡༠ …

Leave a Reply

Your email address will not be published. Required fields are marked *