རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་གི་ཁྲི་འཛིན་ཚུ་ གདམ་འཐུ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་ཚུ་གི་ ཁྲི་འཛིན་གོང་འོག་ཚུ་ གདམ་འཐུ་འབད་བའི་བསྒང་ཡོདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ ཞལ་འཛོམས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་དེ་ ནང་འཁོད་ཚོགས་ཆུང་གི་ཁྲི་འཛིན་སྦེ་ གདམ་འཐུ་འབད་ཡོདཔ་བཞིན་དུ་ ད་རེས་ ལྡོག་ཕྱོགས་ལས་ ཚོགས་ཚུང་གི་ཁྲི་འཛིན་ གདམ་འཐུ་འབད་མི་དེ་ འགོ་དང་པ་ཨིན་པས།
ཀྲོང་གསར་ བྲག་སྟེང་-གླང་མཐིལ་གྱི་འཐུས་མི་ མགོནམ་རྡོ་རྗེ་དེ་ ཁྲི་འཛིན་འོག་མ་སྦེ་ གདམ་འཐུད་འབད་ནུག།
ཚོགས་ཆུང་གི་ ཁྲི་འཛིན་གོ་གནས་དོན་ལུ་ འཐུས་མི་ཚུ་གི་བར་ན་ གྲོས་བསྟུན་རྒྱས་པར་འབད་ཡོདཔ་ད་ གལ་སྲིད་ ཚོགས་དཔོན་འོག་མ་དེ་ ཚོགས་ཆུང་གི་འཐུས་མི་སྦེ་ བཞག་པ་ཅིན་ མ་འོངས་པ་ལུ་ ཁྱད་ཕན་ལྟག་སྤྲོད་འོང་ནིའི་སྐོར་ལས་ འཐུས་མི་ཚུ་གིས་ ཚ་གྱང་ཡོད་ལུགས་ཚུ་ བཤད་མི་ལུ་བརྟེན་ འཐུས་མི་ལས་ དགོངས་ཞུ་འབད་ནུག།
ད་རེས་ ཚོགས་ཆུང་ནང་ འཐུས་མི་༡༡ ཡོདཔ་ཨིན་པས།
ཞལ་འཛོམས་ནང་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་གིས་ ཚོགས་ཆུང་གི་འགན་ཚད་ཚུ་ གསལ་བཤད་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་དྲུང་ཆེན་ སངས་རྒྱས་གྲུ་པ་གིས་ སླབ་མིའི་ནང་ ཚོགས་ཆུང་གི་ ལཱ་ཚུ་འབད་བའི་བསྒང་ཡོདཔ་བཞིན་དུ་ ཁྲི་འཛིན་ཚུ་ཡང་ རྒྱལ་ཡོངས་ཚོགས་འདུ་ནང་ ཆ་འཇོག་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ཚོགས་ཆུང་ཚུ་གི་ ཁྲི་འཛིན་གོང་འོག་༢ གདམ་འཐུ་འབད་ནིའི་དོན་ལུ་ ཞལ་འཛོམས་ཚུ་ འཚོགས་པའི་བསྒང་ཡོདཔ་ལས་ སྤྱི་ཟླ་༡༢ པའི་ཚེས་༡༣ གྱི་ནང་འཁོད་ལུ་ གདམ་འཐུ་འབད་ཚར་དགོ་ཟེར་ཨིན་པས།
ཁྲི་འཛིན་ཚུ་ཡང་ མོས་མཐུན་གྱི་ཐོག་ལས་ གདམ་འཐུ་འབད་དོ་ཡོདཔ་ད་ ལོ་༡ གི་ཤུལ་ལས་ ད་རུང་ གདམ་འཐུ་འབད་དགོ་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤད་ཅི།
སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ རང་བཞིན་གནས་སྟངས་དང་ གནམ་གཤིས་འགྱུར་བགྲོད་ཚོགས་ཆུང་གི་ ཁྲི་འཛིན་དེ་ ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་ པདྨ་རྒྱ་མཚོ་ གདམ་འཐུ་ཡོདཔ་ད་ ཀྲོང་གསར་ བྲག་སྟེང་- གླིང་མཐིལ་གྱི་འཐུས་མི་ མགོན་རྡོ་རྗེ་དེ་ ཁྲི་འཛིན་འོགམ་ཨིནམ་བཞིན་དུ་ ཚོགས་ཆུང་ནང་ འཐུས་མི་༩ ཡོདཔ་ཨིན་པས།
དེ་ལས་ ལྡོག་ཕྱོགས་ཀྱི་ ལྷུན་རྩེ་ སྨན་སྦི་-བཙན་མཁར་གྱི་འཐུས་མི་ ཆོས་སྐྱིད་རྒྱལ་མཚན་དེ་ མི་སྡེ་དང་ ལམ་སྲོལ་གྱི་ཁྲི་འཛིན་སྦེ་ གདམ་འཐུ་འབད་ཡོདཔ་ད་ བསམ་རྩེ་ ཨོ་རྒྱན་རྩེ་-འོད་བསལ་རྩེ་འཐུས་མི་ དི་ནིཤ་ པར་དཱན་དེ་ ཁྲི་འཛིན་འོགམ་ཨིན་པས།
དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གི་ ཁྲི་འཛིན་དེ་ དབང་འདུས་ཕོ་བྲང་ ཨ་ཐང་-ཐད་ཚོ་གི་འཐུས་མི་ ཀུན་ལེགས་དབང་ཕྱུག་ གདམ་འཐུ་འབད་ཡོད་པའི་ཁར་ བསམ་རྩེ་ ཕུན་ཚོགས་དཔལ་རི་གི་འཐུས་མི་ གཱ་ནིཤ་ གི་མི་རེ་ ཁྲི་འཛིན་འོགམ་སྦེ་ གདམ་འཐུ་འབད་ནུག།
ཚོགས་ཆུང་ཁྲི་འཛིན་གོང་འོག་༢ གདམ་འཐུ་འབད་བའི་སྐབས་ འཐུས་མི་ཚུ་གིས་ ཚོགས་ཆུང་གི་ འགན་ཁུར་ཚུ་ མཉམ་རུབ་ཐོག་ལས་ དོན་སྨིན་ཅན་སྦེ་ འབག་ནི་དེ་ གལ་གནད་ཅན་ཨིན་པའི་སྐོར་ལས་ཡང་ གྲོས་བསྟུན་འབད་ཡོདཔ་ད་ ཚོགས་ཆུང་ནང་ འཐུས་མི་༡༣ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་དོན་ཚོགས་ཆུང་གི་ ཁྲི་འཛིན་དང་ ཁྲི་འཛིན་འོགམ་དེ་ བོང་མགོ་-སྐྱབས་ཆ་འཐུས་མི་ ཚེ་དབང་ལྷ་མོ་དང་ བཀྲིས་གཡང་རྩེ་ཁམས་དྭངས་-རམ་འཇར་གྱི་འཐུས་མི་ ཀུན་དགའ་བློ་གྲོས་༢ གདམ་འཐུ་འབད་ཡོདཔ་ད་ ཚོགས་ཆུང་ནང་ འཐུས་མི་༡༢ ཡོདཔ་ཨིན་པས།
དམངས་གཙོ་ཚོགས་ཆུང་གི་ ཁྲི་འཛིན་དེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་འཐུས་མི་ ཕུན་ཚོགས་རབ་བརྟན་དང་ ཁྲི་འཛིན་འོག་མ་དེ་ རྒྱལ་ཡོངས་ཚོགས་འདུའི་ ངང་ལམ་གྱི་འཐུས་མི་ ཆོས་གྲགས་རྒྱ་མཚོ་གདམ་འཐུ་འབད་ནུག།
དམངས་རྩིས་ཚོགས་ཆུང་དེ་ མཉམ་འབྲེལ་གྱི་ ཚོགས་ཆུང་ཨིནམ་ལས་ དེ་ནང་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེའི་འཐུས་མི་ཚུ་ཡོདཔ་བཞིན་དུ་ ཚོགས་ཆུང་གི་འགན་ཁུར་དེ་ ལོ་བསྟར་རྩིས་ཞིབ་ཀྱི་ སྙན་ཞུ་ཚུ་ བསྐྱར་ཞིབ་འབད་དགོཔ་ཨིན་པས།
ཁ་ཙ་ པདྨ་དགའ་ཚལ་ མཁར་- གཡུ་རུང་གི་འཐུས་མི་ ཚེ་རིང་ཆོས་སྒྲོན་དང་ ཧཱ་ གསང་སྦས་ཁ་འདེམས་ཁོངས་ཀྱི་འཐུས་མི་ རྡོ་རྗེ་དབང་མོ་༢ ཨམ་སྲུ་ ཨ་ལོ་དང་ ན་གཞོན་ཚོགས་ཆུང་གི་ ཁྲི་འཛིན་དང་ ཁྲི་འཛིན་འོགམ་སྦེ་ གདམ་འཐུ་འབད་ཡོདཔ་བཞིན་དུ་ ཚོགས་ཆུང་ནང་ འཐུས་མི་༡༠ ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་ནང་ ཚོགས་ཆུང་༡༡ ཡོད་མི་དེ་ ཚོགས་ཆུང་༩ ལུ་ མར་ཕབ་འབད་དེ་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *