རྒྱལ་ཡོངས་ཚོགས་འདུའི་ཚོགས་རིམ་ སྤྱི་ཟླ་༦ པའི་ཚེས་༡ ལས་ འཕྲོ་མཐུད་གནང་ནི།

རྒྱལ་ཡོངས་ཚོགས་སྡེ་ལུ་ དམིགས་བསལ་གྱི་ ཚོགས་ཐེངས་ཅིག་འོང་ནི།

༉ རྩིས་ལོ་༢༠༢༠-༢༡ འཆར་དངུལ་དང་ རྩིས་ལོ་འདི་གི་ ལྷན་ཐབས་འཆར་དངུལ་ ཆ་འཇོག་འགྲུབ་ནིའི་དོན་ལུ་ སྤྱི་ཚོགས་དེ་ སྤྱི་ཟླ་༦ པའི་ཚེས་༡ ལུ་ འགོ་བཙུགས་ནི་ཨིན་པས།
ཚོགས་བཞུགས་དེ་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ གནམ་དགུན་གྱི་ ཚོགས་བཞུགས་འཕྲོ་མཐུད་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་རིམ་དེ་ མཇུག་བསྡུ་ཡོདཔ་ལས་ ཚོགས་ཐེངས་གསརཔ་ཅིག་ འོང་ནི་ཨིན་པས།
ཚོགས་བཞུགས་ནང་ ལོ་བསྟར་འཆར་གཞི་མ་གཏོགས་ གནད་དོན་གཞན་ཚུ་ ངོས་ལེན་མི་འབད་ནི་ཨིནམ་ད་ རྒྱལ་ཡོངས་ཚོགས་འདུ་གིས་ གཞུང་ལུ་ ལོ་བསྟར་འཆར་དངུལ་ལས་ གནད་དོན་གཞན་ བཙུགས་མ་དགོཔ་སྦེ་ སྙན་ཞུ་འབད་ནུག།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ ཚོགས་རིམ་དེ་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ མཇུག་བསྡུ་ནི་གི་ རེ་བ་བསྐྱེདཔ་མ་ཚད་ ཚོགས་ཐེངས་དེ་ཡང་ གསརཔ་མེནམ་ལས་ གནམ་དགུན་གྱི་ འཕྲོ་མཐུད་དེ་ཨིན་ཟེར་ བཤདཔ་ཨིན་པས།
ད་རེས་ཀྱི་ ཚོགས་རིམ་དེ་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ ཚོགས་བཞུགས་རིང་ཤོས་ཅིག་དང་ བསྐྱར་ཞིབ་ཚོགས་ཁང་ནང་འབད་བ་ཅིན་ ཐུང་ཤོས་ཅིག་འོང་ནི་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ ལོ་༡ ནང་ ཚོགས་རིམ་ཚར་༣ འོང་ནི་ཨིན་པས།
ཚོགས་ཐེངས་འདི་ནང་ རྩིས་ལོ་༢༠༡༩-༢༠ དེ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ མཇུག་དོ་ཡོདཔ་ལས་ ལྷན་ཐབས་འཆར་དངུལ་ཡང་ ཆ་འཇོག་འབད་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་མདོ་ཆེན་ གྲུ་པ་གིས་ རྒྱལ་ཡོངས་ཚོགས་འདུ་ མཇུག་བསྡུ་རྟེན་འབྲེལ་མ་གཏོགས་ སྤྱི་ཚོགས་ལྷན་བཞུགས་འཚོགས་དགོ་པའི་ དགོས་མཁོ་མེད་ཟེར་ བཤདཔ་ཨིན་པས།
མ་གཞི་ གནམ་དགུན་གྱི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་རིམ་དེ་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༦ ལུ་ མཇུག་བསྡུ་དགོཔ་ཨིན་རུང་ ཉིནམ་དེ་ནང་ ནད་ཡམས་ཀོ་རོ་ན་བཱའི་རཱསི་ འགོ་དང་པ་ ཐོན་མི་ལུ་བརྟེན་ མཇུག་བསྡུའི་རྟེན་འབྲེལ་དེ་ ཕར་འགྱངས་འབད་དགོཔ་བྱུང་ནུག།
མདོ་ཆེན་གྲུ་པ་གིས་ སྤྱི་ཚོགས་༣ པའི་ ཚོགས་ཐེངས་དེ་ མཇུག་མ་བསྡུ་བར་ཡོདཔ་ལས་ མཚམས་འཇོག་བཞག་ཡོདཔ་བཟུམ་ཨིན་ཟེར་ བཤད་པའི་ཁར་ རྒྱལ་ཡོངས་ཚོགས་འདུའི་ གྲོས་གཞི་དང་འཁྲིལཝ་ད་ དྲི་བཀོད་ལས་རིམ་དང་ འཐུས་མི་ཚུ་ལས་ གྲོས་དོན་གཞན་མེད་ཟེར་ བཤདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་འབད་བ་ཅིན་ ཚོགས་སྡེ་གིས་ ལོ་བསྟར་འཆར་དངུལ་དང་ ལྷན་ཐབས་འཆར་དངུལ་ཚུ་ བསྐྱར་ཞིབ་འབད་ནི་ཨིནམ་ལས་ ད་རེས་ཀྱི་ ཚོགས་ཐེངས་དེ་ དམིགས་བསལ་ཅན་ཅིག་ འོང་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ ལོ་རེ་ནང་ སྤྱི་ཚོགས་ཚར་༢ རེ་ འཚོགས་དགོཔ་བཞིན་དུ་ ཤུལ་མའི་ ཚོགས་ཐེངས་དེ་ སྤྱི་ཟླ་༩ པ་ ཡང་ཅིན་ སྤྱི་ཟླ་༡༠ པའི་ནང་ འགོ་འདྲེན་འཐབ་འོང་ཟེར་ མདོ་ཆེན་གྲུ་པ་གིས་ བཤདཔ་ཨིན་པས།
ད་རེས་ཀྱི་ ཚོགས་རིམ་ནང་ སྤྱི་ཚོགས་ལྷན་བཞུགས་ འགོ་འདྲེན་འཐབ་ནི་ ལས་རིམ་མེདཔ་ལས་ ཤུལ་མའི་ སྤྱི་ཚོགས་ནང་ བློན་ཆེན་གྱིས་ ལོ་བསྟར་རྒྱལ་ཁམས་ཀྱི་ སྙན་ཞུ་བརྩིས་ཏེ་ གཞུང་གི་ཁྲིམས་བཟོ་འཆར་གཞི་དང་ ལོ་བསྟར་འཆར་གཞི་ གཙོ་རིམ་ལས་སྣ་ཚུ་ ཕུལ་ནི་ཨིན་པས།
ཨ་རྟག་འབད་བ་ཅིན་ བློན་ཆེན་གྱིས་ རྒྱལ་ཁམས་ཀྱི་ སྙན་ཞུ་དེ་ གནམ་བྱཱར་གྱི་ སྤྱི་ཚོགས་ནང་ སྙན་ཞུ་ཕུལ་དོ་ཡོདཔ་ད་ ན་ཧིང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་དེ་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ཕུལ་ནུག།
ད་ལྟོ་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་གིས་ གཅིག་གིས་གཅིག་ལུ་ ས་སྟོང་བཞག་ནི་གི་ བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལ་ཏེ་ འཐུས་མི་ཚུ་གི་བར་ན་ སྡོད་ཁྲི་ཅིག་ སྟོངམ་བཞག་ནི་གི་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་ཁང་ནང་ སྡོད་ཁྲི་༡༠༡ ཡོདཔ་ད་ འཐུས་མི་ཚུ་གི་བར་ན་ སྡོད་ཁྲི་རེ་ སྟོངམ་བཞག་པ་ཅིན་ འཐུས་མི་༥༢ ལས་བརྒལ་ ཤོང་མི་ཚུགས་ནི་མས་ཟེར་ གྲུ་པ་གིས་ བཤདཔ་ཨིན་པས།
ཨིན་རུང་ དྲུང་ཆེན་ཡིག་ཚང་གིས་ སྤྱི་ཚོགས་མཇུག་བསྡུའི་ རྟེན་འབྲེལ་ནང་ འཐུས་མི་ག་ར་ ཤོང་ཚུགསཔ་བཟོ་ནིའི་ ལཱ་འབད་བའི་བསྒང་ཡོདཔ་ད་ ཚོགས་ཁང་གོང་འོག་༢ བསྡོམས་ཏེ་ འཐུས་མི་༧༢ འོང་ནི་ཨིན་རུང་ ཚོགས་དཔོན་ཁྲི་ཐོག་ལུ་ བཞུགས་མི་དང་ ཁྱད་ལྡན་གྱི་ འཐུས་མི་ཅིག་གི་ ས་སྟོང་ཡོདཔ་ལས་ སྡོད་ཁྲི་༡༨ བདེ་སྒྲིག་འབད་དགོཔ་ཡོད་ཟེར་ གྲུ་པ་གིས་བཤད་ཅི།
ཚོགས་ཁང་གོང་འོག་༢ ཀྱི་ འཐུས་མི་ཚུ་གིས་ འཛམ་གླིང་གསོ་བའི་ཚོགས་སྡེའི་ ལམ་སྟོན་དང་འཁྲིལ་ཏེ་ གསུང་གྲོས་གནང་ནིའི་ ས་གོ་ལངམ་སྦེ་ཡོད་པའི་ཁར་ ཀོ་བིཌ་-༡༩ དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་ རང་དང་གཞན་གྱི་བར་ན་ ས་སྟོང་མི་ཊར་རེ་ བཞག་དགོ་ཟེར་ཨིན་པས།
དྲུང་ཆེན་ཡིག་ཚང་གིས་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ ནང་འཁོད་ཞལ་འཛོམས་འཚོགས་ནི་ཨིནམ་ལས་ འཐུས་མི་ཚུ་གིས་ གྲོས་གཞི་སྐོར་ གྲོས་བསྡུར་གནང་སྟེ་ ཆ་འཇོག་འགྲུབ་ནི་ཨིན་པས།
རང་དང་གཞན་གྱི་བར་ན་ ས་སྟོང་བཞག་དགོ་པའི་ སྒྲིག་གཞི་དང་འཁྲིལ་ཏེ་ འཐུས་མི་ཚུ་ འདེམས་ཁོངས་ལྟ་སྐོར་ནང་ མ་འགྱོ་བར་ན་ ཉིན་འཐུས་ཀྱི་ འཆར་དངུལ་ཚུ་ ཀོ་བིཌ་-༡༩ བཀག་ཐབས་དང་ གདོང་ལེན་མ་དངུལ་ནང་ བཙུགས་ཡོདཔ་ཨིན་པས།
སྤྱི་ཚོགས་ཀྱི་ བཅའ་ཡིག་དང་འཁྲིལཝ་ད་ འཐུས་མི་ཚུ་ ལོ་རེ་ནང་ རང་སོའི་འདེམས་ཁོངས་ནང་ ཚོགས་བཞུགས་མཇུག་བསྡུཝ་ད་ ཚར་རེ་ལྟ་སྐོར་ལུ་ འགྱོ་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *