རྒྱལ་ཡོངས་ཚོགས་འདུ་གིས་ ཆུ་འཛིན་སྐྱོང་དང་འབྲེལ་བའི་ གྲོས་འདེབས་ཆ་འཇོག།

༉ རྒྱལ་ཡོངས་མཐར་འཁོར་གནས་སྟངས་ལྷན་ཚོགས་དང་ རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་ དེ་ལས་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཚུ་ མཉམ་འབྲེལ་ཐོག་ལས་ ཆུ་དང་འབྲེལ་བའི་ གནད་དོན་ཚུ་གི་ གནས་སྡུད་བརྡ་དོན་ལྟེ་བ་ཅིག་ འཕྲལ་མགྱོགས་ར་ གཞི་བཙུགས་འབད་དགོཔ་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ མཐའ་འཁོར་དང་གནམ་གཤིས་འགྱུར་བགྲོད་ཚོགས་ཆུང་གིས་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་༡༣ པ་ གནམ་གཤིས་དང་ལེན་གྱི་ སྙན་ཞུ་ཕུལཝ་དང་འབྲེལ་ གྲོས་འདེབས་ཁག་༨ ཕུལ་མི་ལས་༡ ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་ བྲག་སྟེང་-གླང་མཐིལ་གྱི་འཐུས་མི་ མགོནམ་རྡོ་རྗེ་གིས་ གྲོས་འདེབས་ཕུལ་མི་དེ་ གཙོ་བོ་ར་ ལཱ་འབད་མི་ ལས་སྡེ་ལེ་ཤ་ཡོདཔ་ལས་ གནས་སྡུད་ཚུ་ གཅིག་གིས་གཅིག་ལུ་ བརྗེ་སོར་འབད་ནི་མེད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ གནས་སྡུད་གཅིག་མཚུངས་བཟོ་ནི་དེ་ ལས་སྡེ་ཁག་གི་བར་ན་ མཉམ་འབྲེལ་མེད་མི་ལུ་བརྟེན་ འབད་མ་ཚུགས་པས་ཟེར་ཨིན་པས།
སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ གནས་སྡུད་ལྟེ་བ་དེ་ ཧེ་མ་ལས་ གཞི་བཙུགས་འབད་དེ་ཡོདཔ་ལས་ ཡར་དྲག་གཏང་དགོཔ་མ་གཏོགས་ གཞི་བཙུགས་འབད་དགོཔ་མིན་འདུག་ཟེར་ ཞུ་ཡི།
ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་༡༣ པ་དེ་ འཆར་གཞི་༡༢ པའི་ རྒྱལ་ཡོངས་ཀྱི་ གྲུབ་འབྲས་གཙོ་ཅན་༥ པ་དང་༦ པ་ དེ་ལས་༡༧ པ་དང་ འབྲེལ་མཐུན་ཡོདཔ་ཨིན་པས།
གྲུབ་འབྲས་གཙོ་ཅན་༥ པ་ཡང་ མཐའ་འཁོར་གནས་སྟངས་ཀྱི་ མཐུན་རྐྱེན་ཚུ་ འཛིན་སྐྱོང་ལེགས་ཤོམ་འཐབ་ནི་དང་ གྲུབ་འབྲས་གཙོ་ཅན་༦ པ་ བཙོག་རླུང་ཚད་འཛིན་འབད་ནི་ གནམ་གཤིས་འགྱུར་བགྲོད་དང་ རྐྱེན་ངན་ཟློག་ཐབས་ཡར་འཕར་གཏང་ནི་ དེ་ལས གྲུབ་འབྲས་གཙོ་ཅིན་༡༧ པ་དེ་ ཡུན་བརྟན་ཅན་གྱི་ ཆུའི་མཐུན་རྐྱེན་ངེས་བརྟན་བཟོ་ནི་ཚུ་ཨིན་པས།
ཚོགས་ཆུང་གིས་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་དང་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལས་ འཐུང་ཆུ་དང་ རོང་ཆུ་ཚུ་གི་རྐ་ སྐམ་ཡོད་པའི་ ཤེས་རྟོགས་བྱུངམ་ལས་ དེ་འཕྲོ་ལས་ ཞིབ་འཚོལ་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།
འཐུས་མི་མགོནམ་རྡོ་རྗེ་གིས་ ད་རེས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ རོང་ཆུ་དང་ འཐུང་ཆུའི་རྐ་ སྐམ་ཡོདཔ་ལས་ ཞིབ་འཚོལ་འབད་དེ་ དཀལ་ངལ་སེལ་ཐབས་ལུ་ གཞུང་ལུ་ སྙན་ཞུ་འབད་དགོཔ་སྦེ་ ཞུ་ཡི།
འབྲུག་འདི་ ཆུ་གིས་ཕྱུག་མི་ རྒྱལ་ཁབ་ཅིག་ཨིན་རུང་ ཆུ་སྐམ་འགྱོ་མི་ལུ་བརྟེན་ ཆུའི་ཉེན་སྲུང་མེདཔ་འགྱོ་བའི་ སྙན་ཞུ་ལྷོདཔ་ལས་ ཆུ་འབབ་ས་གནས་ཚུ་དང་ རོང་ཆུ་ སྲུང་སྐྱོབ་དང་ ཉམས་གསོ་ལས་དོན་ཚུ་ འགྲུབ་ཐབས་ལུ་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་འོག་ལུ་ ཆུ་འབབ་ས་གནས་འཛིན་སྐྱོང་སྡེ་ཚན་ལུ་ དགོས་མཁོ་དང་བསྟུན་པའི་ འཆར་གཞི་དངུལ་དང་ མི་སྟོབས་ཐོན་སྐྱེད་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།
མགོནམ་རྡོ་རྗེ་གིས་ ཁྱིམ་གུང་ཆ་མཉམ་ལུ་ རྒྱུ་ཆད་མེད་པའི་ ཉེན་སྲུང་ཅན་གྱི་ འཐུང་ཆུ་བརྒྱ་ཆ་༦༣ ཐོབ་ཡོདཔ་བཞིན་དུ་ ཞབས་ཏོག་ལྷན་ཁག་གིས་ ཆུའི་དམིགས་བསལ་ལས་རིམ་ནང་ ལཱ་འབད་བའི་བསྒང་འདུག་ཟེར་ཞུ་ཡི།
དེ་ཡང་ རྫོང་ཁག་༡༡ དང་ ཁྲོམ་སྡེ་༤ ནང་ ས་ཁྲ་བཟོ་ཚར་ཡོད་མ་ཚད་ ཆུ་ཁ་དང་ བསམ་རྩེ་རྫོང་ཁག་གི་དོན་ལུ་ ཁྲོམ་སྡེའི་ཆུ་བཀྲམ་སྤེལ་གྱི་ ལམ་ལུགས་ལུ་ བརྟག་ཞིབ་དང་ བཟོ་བཀོད་འབད་བའི་ཁར་ གྲོང་གསེབ་ཆུ་བཀྲམ་སྤེལ་གྱི་ འཆར་གཞི་ཚུ་ ཆུ་ཁ་དང་ དབང་འདུས་རྫོང་ཁག་ལུ་ འོས་འབབ་ཡོད་མེད་ བརྟག་ཞིབ་འབད་བའི་བསྒང་འདུག་ཟེར་ ཁྲི་འཛིན་གྱིས་ ཞུ་ཡི།
ཞིང་ཆུའི་གཡུར་བ་༡,༢༧༠ ཡོད་མི་ལས་ བརྒྱ་ཆ་༡༨ དེ་ཅིག་རྐྱངམ་གཅིག་ ལག་ལེན་འཐབ་སྟེ་ཡོད་པའི་ཁར་ ད་ལྟོ་ཡོད་མི་ ཞིང་ཆུ་བརྒྱ་ཆ་༢༩ དེ་ཅིག་ལུ་ ཆུ་ལངམ་མེདཔ་ལས་ དུས་རྒྱུན་གྱི་ ལྟ་རྟོག་འབད་མི་དང་ ལས་མི་གྲོགས་རམ་ དེ་ལས་ རྒྱུན་སྐྱོང་འབད་དགོཔ་ ཡོདཔ་བཞིན་དུ་ དེ་ཚུ་ སེལ་ཐབས་འབད་ནི་ལུ་ ལཱ་ཚུ་ཡང་ འབད་བའི་བསྒང་འདུག་ཟེར་ འཐུས་མི་མགོནམ་རྡོ་རྗེ་གིས་ཞུ་ཡི།
གྲོས་འདེབས་གཞན་དེ་ ཆུ་ཉམས་སྲུང་འབད་ནི་དང་ གྱིབ་ཤོག་ལུ་བརྟེན་པའི་ ཕྱགས་སྙིགས་ཚུ་ བཀག་ནིའི་དོན་ལུ་ གཞུང་གི་ལས་སྡེ་ཚུ་གིས་ གྱིབ་དམ་ནང་ཡོད་པའི་ཆུ་ ལག་ལེན་མར་ཕབ་འབད་ནི་གི་ ཐབས་ལམ་བཏོན་དགོཔ་ཨིན་པས།
ཚོགས་ཆུང་གི་ འཐུས་མི་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་ཚོ་གིས་ གྱིབ་དམ་མར་ཕབ་འབད་ནི་དང་ ཆུ་འཕྲོ་བརླག་མི་གཏང་ནིའི་དོན་ལས་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་གིས་ དམ་སྦྱིས་ཚུ་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ མིག་དཔེ་བཟང་པོ་དེ་ ཚོགས་ཁང་ལས་ར་ སྟོན་དགོ་ཟེར་ ཞུ་ཡི།
ད་རེས་ རྒྱལ་ཁབ་ནང་ ཚབས་ཆེན་དེ་ར་ ཆུའི་རྐ་སྐམ་འགྱོ་མི་དེ་ ཚ་གྱང་ཆེ་ཤོས་ཅིག་ཨིནམ་ལས་ ཆུ་དང་འབྲེལ་བའི་ གྲོས་འདེབས་ཕུལ་ཡི་ཟེར་ཨིནམ་ད་ ཆུ་རྐ་འཛིན་སྐྱོང་ལས་སྡེའི་ནང་ འགོ་དཔོན་ཚུ་ལུ་ མཁས་མཆོག་དང་ སེམས་ཤུགས་ཡོད་པའི་ཁར་ ཧེ་མ་ ཆུ་རྐ་སྐམ་མི་ཚུ་ཡང་ ལོག་བཟོ་ནི་གི་ ཐབས་ཤེས་ཚུ་ཡོདཔ་ལས་ རྒྱབ་སྐྱོར་འབད་དགོ་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ གྱིབ་ཤོག་ལག་ལེན་ བཀག་དགོ་པ་ཅིན་ གྱིབ་ཤོག་ཐོན་སའི་ བཟོ་གྲྭ་ཁང་ལས་ར་ བཀག་འཛིན་འབད་དགོཔ་འདུག་ཟེར་ཞུ་ཡི།
འཐུས་མི་ལ་ལོ་གིས་ གཙང་ཆུ་དང་ རོང་ཆུའི་མཐའམ་བདའ་སྟེ་ཡོད་མི་ མི་ཚུ་གི་ ཉེན་སྲུང་དང་ ཁྱེགས་འཚོ་རྦད་འོང་ནིའི་ ཉེན་ཁ་ཚུ་གི་སྐོར་ལས་ གྲོས་འདེབས་ཚུ་ཡང་ བཙུགས་དགོཔ་སྦེ་ཞུ་ཡི།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱལ་ཁབ་ནང་ ཆུའི་དཀའ་ངལ་སེལ་ཐབས་ལུ་ དམིགས་བསལ་གྱི་ ལས་རིམ་ཅིག་སྦེ་ གཙོ་རིམ་བཟུང་སྟེ་ཡོདཔ་བཞིན་དུ་ གཞུང་གིས་ འཕྲལ་མགྱོགས་ར་ ཆུའི་འཛིན་སྐྱོང་ལྷན་ཚོགས་ཅིག་ཡང་ གཞི་བཙུགས་འབད་ནི་གི་ གྲ་སྒྲིག་འབད་དོ་ཟེར་ ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ལས་རིམ་དེ་ལུ་ དངུལ་ཀྲམ་ཐེར་འབུམ་༢.༡ བགོ་བཀྲམ་འབད་དེ་ཡོད་པའི་ཁར་ ཕྱགས་སྙིགས་འཛིན་སྐྱོང་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡ བཞག་ཡོདཔ་ད་ ཡིག་ཚང་ནང་ལས་ཕར་ ཕྱགས་སྙིགས་ཧོད་༣ དེ་རེ་ བགོ་བཀྲམ་འབད་འོང་ཟེར་ཞུ་ཡི།
གྲོས་འདེབས་ཚུ་ཡང་ ཚོགས་ཁང་ནང་ འཐུས་མི་བསྡོམས་༤༣ ཡོད་མི་ལས་༤༣ གིས་ རྒྱབ་སྐྱོར་གྱི་ ཚོགས་རྒྱན་དང་ འཐུས་མི་༣ གྱིས་ འཛེམ་སྡོད་ཡོད་པའི་ཁར་ འཐུས་མི་༢ ཀྱིས་ མ་དགོ་པའི་ ཚོགས་རྒྱན་བཙུགས་ཏེ་ མང་མོས་ཐོག་ལས་ ཆ་འཇོག་གྲུབ་གནང་ཡི།
སྙན་ཞུ་དེ་ཡང་ ཚོགས་ཆུང་གིས་ ཚོགས་འདུའི་ལྷན་འཛོམས་༣ པའི་ནང་ མཐའ་འཁོར་དང་གནམ་གཤིས་འགྱུར་བགྲོད་ཚོགས་ཆུང་གིས་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་ གནམ་གཤིས་དང་ལེན་གུ་ རྒྱལ་ཡོངས་ཀྱི་དམིགས་ཡུལ་དང་འབྲེལ་མཐུན་ཐོག་ སྤྱི་ཚོགས་༣ པའི་ ཚོགས་ཐེངས་༣ པའི་ནང་ སྙན་ཞུ་ཕུལ་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ ཕུལ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *