པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས།

རྒྱལ་ཡོངས་ཚོགས་འདུ་གིས་ ས་གཏེར་ནང་ ཁྱབ་ཆེ་བའི་ བདག་དབང་བཟོ་ནི་ལུ་ གཙོ་ བོར་བཏོན་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ རྒྱལ་ཁམས་ཀྱི་ ས་གཏེར་ལག་ལེན་འཐབ་ནིའི་ནང་ ཁྱབ་ཆེ་བའི་ བདག་དབང་ཡོདཔ་ ངེས་བརྟན་བཟོ་ནི་དང་ བགོ་བཤའ་འཆང་མི་ལས་ བརྒྱ་ཆ་༤༩ མི་མང་ལུ་ ཚོང་སྒྱུར་འཐབ་དགོཔ་སྦེ་ གཏེར་ཁ་དང་ ས་གཏེར་དཔྱད་ཡིག་༢༠༢༠ ཅན་མའི་ནང་ ཁ་སྐོང་དོན་ཚན་གསརཔ་སྦེ་བཙུགས་ཅི།
ད་རེས་ ལག་ལེན་འཐབ་བཞིན་དུ་ཡོད་མིའི་ནང་ བགོ་བཤའ་འཆང་མི་ལས་ བརྒྱ་ཆ་༣༠ མ་གཏོགས་ མི་མང་ལུ་ ཚོང་སྒྱུར་འཐབ་ནིའི་ གོ་སྐབས་མེདཔ་ཨིན་པས།
དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་ ཀུན་ལེགས་དབང་ཕྱུག་གིས་ དེ་བཟུམ་མའི་ གྲོས་འདེབས་ཕུལ་མི་དེ་ཡང་ ད་རེས་ མི་མང་གི་ རྒྱུ་དངོས་ས་གཏེར་དང་ གཏེར་ཁ་ཚུ་ མི་གཅིག་དང་གཉིས་ཀྱིས་ ལག་ལེན་འཐབ་སྟེ་ཡོདཔ་ལས་ ས་གཏེར་བཏོན་ནིའི་དོན་ལུ་ མི་༥ བཞག་ཅི་ཟེར་ ཞུ་ཡི།
དོན་ཚན་གསརཔ་ལུ་བརྟེན་ མི་སེར་ཚུ་ལུ་ ཁེ་ཕན་འདྲ་མཉམ་ འཐོབ་ཚུགས་ནི་དང་ མ་རྩ་ཆུང་ཀུ་ཡོད་མི་ཚུ་གིས་ མ་རྩ་མངམ་ཡོད་མི་ཚུ་དང་ མཉམ་འབྲེལ་འབད་དེ་ ཚོང་འབྲེལ་འཐབ་ཚུགས་ནིའི་དོན་ལུ་ཨིན་ཟེར་ཞུ་ཡི།
བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ ས་གཏེར་རྒྱ་སྐྱེད་གཏང་ནི་ལུ་ མི་༥ བཞག་པ་ཅིན་ སྟབས་མི་བདེ་ནི་ཨིནམ་ལས་ བགོ་བཤའ་དེ་ར་ ཡར་སེང་འབད་བ་ཅིན་ མི་མང་ལུ་ ཁེ་ཕན་འབྱུང་ནི་དང་ རྒྱལ་ཁབ་ལུ་ཡང་ ཕན་ཁྱད་སྦོམ་སྦེ་ར་ཡོད་ཟེར་ ཞུ་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ ད་རེས་ རྒྱལ་ཁབ་ནང་ ས་གཏེར་ལས་སྡེ་༢༦ དང་ རྡོ་བཏོན་ལས་སྡེ་༤༠ དེ་ཅིག་འདུག་ཟེར་ ཞུ་བའི་ཁར་ མི་མང་ལུ་ བགོ་བཤའ་བརྒྱ་ཆ་༤༠ བཞག་མི་དེ་ ས་གཏེར་ལག་ལེན་ འཐབ་ཚུགས་ནི་དང་ དེའི་ཁེ་ཕན་ཚུ་ རྒྱལ་ཁབ་ཀྱི་ མི་སེར་ག་ར་གིས་ འཐོབ་ཚུགས་ནིའི་དོན་ལུ་ཨིན་ཟེར་ཞུ་ཡི།
ཚོགས་ཆུང་གིས་ ས་གཏེར་ལས་སྡེ་ནང་ ས་གཏེར་ལག་ལེན་འཐབ་མི་ ཉུང་མཐའ་༥ དགོཔ་སྦེ་ གྲོས་འདེབས་ཕུལ་ཡོད་རུང་ འཐུས་མི་ཚུ་གིས་ མི་ལེ་ཤ་བཙུགས་པ་ཅིན་ ཁེ་ཕན་ལས་འབད་རུང་ སྟབས་མ་བདེཝ་དང་ ངོ་རྐྱང་གིས་ གནས་སྐབས་ཚུ་ བཏོན་མ་ཚུགས་པའི་ཁར་ ངན་ལྷད་ཞུགས་ཉེན་ཡོད་པའི་ བསམ་འཆར་ཞུཝ་ལས་ གྲོས་འཆར་དེ་ ཆ་མེད་བཏང་ཡི།
ཚོགས་འདུ་གིས་ གཏེར་ཁ་གླར་སྤྱོད་ཀྱི་ འཛིན་སྐྱོང་ཐད་ཁར་ ལས་ཁུངས་ཀྱིས་ ངོས་འཛིན་འབད་ཚར་མི་ ས་གཏེར་བསགས་རྒྱབ་ཚུ་ མི་མང་གསལ་བསྒྲགས་འབད་དེ་ རིན་བསྡུར་བྱ་རིམ་ ཡང་ན་ རྒྱལ་ཁམས་ཀྱི་ བདག་དབང་ལུ་ཡོད་པའི་ ཚོང་ལས་ཁང་ཅིག་ བགོ་བཀྲམ་འབད་དགོཔ་སྦེ་ ཆ་འཇོག་གྲུབ་ཅི།
འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ གཞུང་དབང་ལས་འཛིན་ཚུ་ལུ་ ས་གཏེར་ལག་ལེན་གྱི་ ལཱ་བྱིན་ནི་དེ་ གཞུང་ལུ་ ཐོབ་དབང་ཡོདཔ་ལས་ རིན་བསྡུར་མ་འབད་བར་ ཐད་ཀར་དུ་ བགོ་བཀྲམ་འབད་དགོ་ཟེར་ཞུ་ཡི།
གཏེར་ཁ་གླར་སྤྱོད་ཀྱི་ དུས་ཡུན་དེ་ཡང་ ལོ་ངོ་༡༥ ལས་༢༠ ལུ་ ཡར་སེང་འབད་དགོཔ་སྦེ་ ཐག་བཅད་ཡོདཔ་ད་ ཟིན་བྲིས་དཔྱད་ཡིག་ནང་ ལོ་ངོ་༣༠ ལུ་ ཡར་སེང་འབད་དགོ་པའི་ གྲོས་འཆར་བཀོད་ནུག།
ཚོགས་འདུ་གིས་ གཏེར་ཁ་འདི་ གཏེར་ཁའི་དཔལ་འབྱོར་གྱི་ རྫོགས་ཚེའི་དམིགས་ཚད་ ཡང་ན་ མཐོ་ཤོས་ལོ་ངོ་༢༠ ལས་ ག་ཉུང་མིའི་དོན་ལུ་ རིན་བསྡུར་ཐོག་ལས་ གླར་སྤྱོད་འབད་དགོཔ་སྦེ་ ཚོགས་དམངས་ཀྱིས་ གྲོས་བསྡུར་རྒྱས་པར་ གནང་ཐོག་ལས་ ཆ་འཇོག་གྲུབ་ཅི།
འཐུས་མི་ ནོར་བུ་དབང་འཛོམས་ཀྱིས་ ཧེ་མ་ རྒྱལ་ཁབ་གོང་འཕེལ་དང་ འཁོར་ལམ་མེད་པའི་སྐབས་ ས་གཏེར་ལག་ལེན་འཐབ་ནི་གི་ དུས་ཡུན་ལོ་ངོ་༣༠ བྱིན་ཡོད་རུང་ ད་རེས་ ས་གནས་ཐདམ་ཐད་ཁ་ལས་ཕར་ འཁོར་ལམ་ཚུ་ ལྷོད་དེ་ཡོད་པའི་ཁར་ འཕྲུལ་ཆས་ཚུ་ཡང་ ཐོན་ཏེ་ཡོདཔ་ལས་ ས་གཏེར་ལག་ལེན་གྱི་ ཆོག་ཐམ་དེ་ཡང་ ལོ་༡༥ དེ་ཅིག་བཞག་རུ་ མ་བཏུབ་མིན་འདུག་ཟེར་ ཞུ་ཡི།
དཔྱད་ཡིག་དང་འཁྲིལཝ་ད་ གཏེར་ཁའི་ལཱ་ཚུ་ གསལ་བཀོད་འབད་བའི་ དུས་ཚོད་ཀྱི་ ནང་འཁོད་ལུ་ འགོ་བཙུགས་དགོཔ་བཞིན་དུ་ གཏེར་ཁ་འཆར་གཞི་དང་ མཐའ་འཁོར་ མི་སྡེའི་ཉེན་ཁ་ འཛིན་སྐྱོང་དང་ བཀག་ཐབས་འཆར་གཞི་ དེ་ལས་ གླར་སྤྱོད་གན་རྒྱ་དང་འཁྲིལ་ཏེ་ འབད་དགོཔ་ཨིན་པས།
ས་གཏེར་ལཱ་ལུ་བརྟེན་ གནོད་པ་བྱུང་མི་ཚུ་གིས་ སླབ་མིའི་ནང་ མི་སྡེའི་ནང་ ས་གཏེར་གྱི་ ཁེ་ཕན་དུམ་གྲ་ཅིག་མ་གཏོགས་ མངམ་ཐོབ་མེད་མི་དེ་ཡང་ མི་གི་ཚེ་སྲོག་དང་ གཟུགས་ཁམས་ལུ་ གནོད་སྐྱོན་སྦོམ་འདུག་ཟེར་ཨིན་པས།
ཨིན་རུང་ མཉམ་འབྲེལ་ཐོག་ལས་ ས་གཏེར་ལག་ལེན་འཐབ་མི་ཚུ་གིས་ ཐད་ཀར་དུ་ མི་སྡེ་ལུ་ ཁེ་ཕན་ཡོདཔ་མ་ཚད་ བགོ་བཤའ་བཙུགས་མི་གིས་ཡང་ མ་རྩ་ལོག་འཐོབ་ནི་ལུ་ ཁེ་ཕན་ཡོད་ཟེར་ བཤདཔ་ཨིན་པས།
འགོ་དཔོན་ལ་ལོ་ཅིག་གིས་ བསམ་འཆར་སླབ་མིའི་ནང་ ས་གཏེར་ལག་ལེན་འཐབ་མི་ཚུ་གིས་ གཞུང་ལུ་ ཁྲལ་བཏབ་མི་ལུ་བརྟེན་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ སླབ་ཨིན་པས།
གཏེར་ཁ་དང་ ས་གཏེར་འཛིན་སྐྱོང་བཅའ་ཁྲིམས་༡༩༩༥ ཅན་མ་དེ་ བསྒྱུར་བཅོས་དང་ འབྲེལ་ཡོད་གནད་དོན་ཚུ་ བཙུགས་ཡོདཔ་མ་གཏོགས་ འདས་པའི་ལོ་ངོ་༢༤ ནང་ ཚར་ཅིག་ར་ འཕྲི་སྣོན་མ་འབད་བས།
ས་གཏེར་དེ་ རྒྱལ་ཁབ་ནང་ ཕྱིར་ཚོང་འཐབ་མིའི་གྲས་ལས་ ཨང་༡༠ པའི་ནང་ ཚུད་དེ་ཡོདཔ་ད་ ས་གཏེར་དང་འབྲེལ་བའི་ བཟོ་གྲྭ་ཁང་༧ གྱིས་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ས་ཡ་༤༥༥.༨ དང་ སྤྱི་ལོ་༢༠༡༨ ལུ་ དངུལ་ཀྲམ་ས་ཡ་༦༠༡.༢ ལས་འཛིན་གྱི་ འོང་འབབ་ཁྲལ་སྦེ་ གཞུང་ལུ་བཏབ་ནུག།
ས་གཏེར་ལས་སྡེ་༧ གྱིས་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ཐེར་འབུམ་༡.༡ དང་ སྤྱི་ལོ་༢༠༡༨ ལུ་ ཐེར་འབུམ་༡.༣ ཁེ་སང་བཟོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *