རྒྱལ་འཛིན་གཙུག་ལག་སློབ་སྡེའི་ འཐུས་སྤྲོད་མི་དེ་ ཁྲིམས་མཐུན་མེན་པའི་མངོན་གསལ།

༉ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ དངུལ་ཕོགས་ལྷན་ཚོགས་གཉིས་པའི་ གྲོས་འདེབས་མེད་རུང་ ལྷན་རྒྱས་གཞུང་ཚོགས་ཀྱི་ གནང་བ་དང་འཁྲིལ་ གཙུག་ལག་སློབ་སྡེའི་འཐུས་དང་ ཡུན་རིང་ཤེས་ཡོན་སྦྱང་མི་ཚུ་ལུ་ འཐུས་སྤྲོད་ཡོདཔ་སྦེ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་སྙན་ཞུ་བཏོན་ནུག།
སྤྱི་ལོ་༢༠༡༨ ཟླ་༨ པའི་ནང་བཏོན་མི་ རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༣ ཟླ་༧ པ་ལས་ སྤྱི་ལོ་༢༠༡༨ ཟླ་༦ པ་ཚུན་ གཙུག་ལག་སློབ་སྡེའི་འཐུས་ བརྒྱ་ཆ་༡༥ རེ་འབདཝ་ད་ དངུལ་ཀྲམ་ས་ཡ་༡༥༣.༥༧ དེ་ཅིག་ སྤྲོད་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༣-༢༠༡༧ ཚུན་ཚོད་ ཡུན་རིང་ཤེས་ཡོན་སྦྱང་མི་ཚུ་ལུ་ གཙུག་ལག་སློབ་སྡེའི་འཐུས་ ཆོག་མིན་དངུལ་ཀྲམ་ས་ཡ་༦.༠༧༨ སྤྲོད་ནུག་ཟེར་ཨིན་པས།
རྩིས་ཞིབ་སྐབས་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ ལས་བྱེདཔ་ཚུ་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ གནང་བ་དང་འཁྲིལ་ གཙུག་ལག་སློབ་སྡེའི་ འཐུས་སྤྲོད་མི་དེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༣༠ པའི་ནང་ གསལ་བཀོད་འབད་མི་ དངུལ་ཕོགས་ལྷན་ཚོགས་ཀྱི་ དགོངས་དོན་དང་ ཆ་མཐུན་མེད་པའི་ མངོན་གསལ་བྱུང་ནུག།
སྤྱི་ལོ་༢༠༡༢ ཟླ་༨ པའི་ཚེས་༡༠ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་གིས་ དངུལ་རྩིས་ལྷན་ཁག་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཚོགས་ཐེངས་༡༣༨ པའི་ནང་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ ལས་བྱེདཔ་ཚུ་ལུ་ འཆར་གཞི་༡༡ པའི་ལོ་དང་པའི་ནང་ལས་ གཙུག་ལག་སློབ་སྡེའི་འཐུས་ བརྒྱ་ཆ་༡༥ རེ་ སྤྲོད་ནི་གི་ གནང་བ་གྲུབ་ཡོད་པའི་སྐོར་ ཡི་གུ་བཏང་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ ལན་གསལ་བྲིས་མིའི་ནང་ འདི་བཟུམ་མའི་འཐུས་ཚུ་ སྤྱི་གཡོགཔ་ཚུ་ལུ་ བྱིན་ནིའི་དོན་ལས་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ དངུལ་ཕོགས་ལྷན་ཚོགས་ཀྱིས་ གྲོས་འདེབས་བཀོད་དགོཔ་ལས་ གཞུང་གི་གྲོས་ཆོད་དེ་ ལོག་བསྒྱུར་བཅོས་གནང་དགོ་པའི་ ཞུ་བ་ཕུལ་ནུག།
དེ་བཟུམ་སྦེ་ ལྷན་རྒྱས་གཞུང་ཚོགས་ཡིག་ཚང་དང་ དངུལ་རྩིས་ལྷན་ཁག་གི་བར་ན་ སྤྱི་ལོ་༢༠༡༣ ཟླ་༣ པ་དང་༤ པ་ ད་རུང་ སྤྱི་ལོ་༢༠༡༤ ཟླ་༨ པའི་ནང་ འཐུས་ཀྱི་སྐོར་ལས་ ཡི་གུ་ཚུ་ ཕར་ཚུར་བརྗེ་སོར་འབད་ཡོད་རུང་ གྲོས་ཆོད་དེ་ བསྟར་སྤྱོད་འབད་མ་ཚུགས་པས།
རྩིས་ཞིབ་སྐབས་ ཡིག་འགྲུལ་བརྗེ་སོར་འབད་མི་ཚུ་ལས་ དངུལ་རྩིས་ལྷན་ཁག་གིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ངོས་ལེན་འབད་མི་ཚུགས་ནི་ཨིནམ་ བཀོད་ཡོད་རུང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ འཐུས་སྤྲོད་དགོ་པའི་ ཨུ་ཚུགས་བསྐྱེད་ཡོདཔ་ ཤེས་རྟོགས་བྱུང་ནུག།
སྤྱི་ལོ་༢༠༡༤ ཟླ་༨ པའི་ཚེས་༢༦ ལུ་ དངུལ་རྩིས་དྲུང་ཆེན་གྱིས་ ལྷན་རྒྱས་གཞུང་ཚོགས་ལས་ ཡི་གུ་གཞན་ཅིག་ཐོབ་མིའི་ལན་ལུ་ ཧེ་མ་ཐོབ་མི་ ཡི་གུ་ནང་ བཀོད་དོ་བཟུམ་སྦེ་ར་ ལྷན་ཁག་གི་ཧོངས་ལས་ གྲོས་ཆོད་ལུ་ བསྒྱུར་བཅོས་འབད་ཐབས་མེད་པའི་སྐོར་ བཀོད་ཡོདཔ་མ་ཚད་ དངུལ་ཕོགས་ལྷན་ཚོགས་༢ པ་གིས་ གནད་དོན་དེ་གི་སྐོར་ལས་ གྲོས་བསྡུར་གནང་ཡོད་རུང་ གཙུག་ལག་སློབ་སྡེའི་འཐུས་ བརྒྱ་ཆ་༡༥ དེ་ གྲོས་འདེབས་བཀོད་དེ་མིན་འདུག་ཟེར་ བཀོད་ཡོདཔ་ཨིན་པས།
རྩིས་ལོ་༢༠༡༤-༡༥ ལུ་ འཐུས་སྤྲོད་ནིའི་དོན་ལས་ འཆར་དངུལ་བཞག་བཞགཔ་མེད་རུང་ གཞུང་གི་ཁ་ཐུག་ལས་ སྤྲོད་དགོ་པའི་ ཐུགས་འཆར་དང་འཁྲིལ་ ལྷན་ཁག་གིས་ གདམ་ཁ་གཉིས་ གྲོས་འཆར་བཀོད་མི་དེ་ཡང་ གཙུག་ལག་སློབ་སྡེའི་འཐུས་ བརྒྱ་ཆ་༡༥ མེན་པར་ ཞི་གཡོགཔ་ཚུ་དང་ འདྲན་འདྲ་སྦེ་ དངུལ་ཕོགས་ཡར་སེང་འབད་ནི་ ཡང་ཅིན་ དངུལ་ཕོགས་ཡར་སེང་མེད་པར་ འཐུསབརྒྱ་ཆ་༡༥ སྤྲོད་དགོཔ་སྦེ་ཨིན་པས།
ཨིན་རུང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ རྩིས་ལོ་༢༠༡༣-༡༤ ལས་ ལས་གཡོགཔ་ཚུ་ལུ་ སྤྱི་ལོ་༢༠༡༤ ཟླ་༧ པ་ལས་འགོ་བཙུགས་ དངུལ་ཕོགས་ཡར་སེང་གུ་ འཐུས་བརྒྱ་ཆ་༡༥ རེ་ སྤྲོད་ཡོད་པའི་ མངོན་གསལ་བྱུང་ནུག།
ད་རུང་ རྩིས་ཞིབ་འབདཝ་ད་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ འཆར་དངུལ་མང་ཤོས་ར་ གཞུང་གི་སྤྱི་མཛོད་ནང་ སློབ་ཕྲུག་གི་ འཐུས་བཙུགས་མི་ཚུ་ལས་ ལག་ལེན་འཐབ་ཡོདཔ་ མཐོང་གསལ་བྱུང་ཡོདཔ་ད་ གནད་དོན་དེ་གི་ཐད་ལུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ཚུ་ལུ་ བརྩི་བཀུར་མེད་པར་ དངུལ་ཕོགས་ཡར་སེང་དང་གཅིག་ཁར་ གཙུག་ལག་སློབ་སྡེའི་འཐུས་ བརྒྱ་ཆ་༡༥ སྤྲོད་མི་དེ་ ཁྲིམས་མཐུན་མེན་པས་ཟེར་ རྩིས་ཞིབ་སྙན་ཞུ་ནང་བཀོད་ནུག།
རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ རྩིས་ཞིབ་ལུ་ ལན་སླབ་མིའི་ནང་ གཙུག་ལག་སློབ་སྡེ་དེ་ སྤྱི་ལོ་༢༠༡༠ ཟླ་༣ པའི་ནང་ རང་དབང་ལས་སྡེ་སྦེ་ བཟོ་གནང་པའི་ཤུལ་ལུ་ དངུལ་རྩིས་ལྷན་ཁག་དང་ ལྷན་རྒྱས་གཞུང་ཚོགས་ལུ་ གཙུག་ལག་སློབ་སྡེའི་འཐུས་ བརྒྱ་ཆ་༡༥ རྒྱབ་སྐྱོང་གནང་དགོ་པའི་ གྲོས་འཆར་ཕུལ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༤ ཟླ་༩ པའི་ཚེས་༡༢ ལུ་ གཙུག་ལག་ཚོགས་སྡེའི་ཞལ་འཛོམས་ཐེངས་༣༠ པའི་ནང་ གཞུང་གིས་ ཆ་འཇོག་མ་གནང་པ་ཅིན་ གཙུག་ལག་སློབ་སྡེའི་ འོང་འབབ་ནང་ལས་ འཐུས་བརྒྱ་ཆ་༡༥ སྤྲོད་དགོ་པའི་ བཀའ་རྒྱ་གནང་ཡི་ཟེར་ཨིན་པས།
གཙུག་ལག་སློབ་སྡེའི་ཁྲི་འཛིན་ ཕྱི་འབྲེལ་བློན་པོ་བགྲེསཔ་ དམ་ཆོས་རྡོ་རྗེ་གིས་ཡང་ འཐུས་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ གནང་བ་དང་འཁྲིལ་ སྤྲོད་ཡོདཔ་སྦེ་ རྩིས་ཞིབ་ལུ་ ལྷན་ཐབས་སྦེ་ ལན་གསལ་བཀོད་ནུག།
ཨིན་རུང་ རྩིས་ཞིབ་དབང་འཛིན་གྱིས་ བཀོད་མིའི་ནང་ གཙུག་ལག་སློབ་སྡེའི་འཐུས་ སྤྲོད་ནི་དེ་ ཁྲིམས་མཐུན་ག་དེ་སྦེ་ཡོདཔ་ཨིན་ན་ དོགས་སྣང་ཡོདཔ་ལས་ དེ་བསྒང་གི་ གཞུང་གིས་ གཞི་བཙུགས་འབད་མི་ དངུལ་ཕོགས་ལྷན་ཚོགས་ཀྱིས་ གྲོས་འདེབས་བཀོད་དགོ་ཟེར་ཨིནམ་ད་ ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ རྩིས་ཞིབ་ཀྱི་ རྩིས་རྙོགས་དེ་ ད་ལྟོའི་བར་ན་ཡང་ མ་བསལ་བར་ཡོདཔ་ཨིན་པས།
ད་རུང་ སྤྱི་ལོ་༢༠༡༣-༢༠༡༧ གྱི་བར་ན་ ཡུན་རིང་སློབ་སྦྱོང་འབད་མི་ འགོ་དཔོན་ཚུ་ལུ་ གཙུག་ལག་སློབ་སྡེ་གིས་ འཐུས་བརྒྱ་ཆ་༡༥ རེ་འབདཝ་ད་ ཆོག་མིན་དངུལ་ཀྲམ་ས་ཡ་༦.༠༧༨ དེ་ཅིག་ སྤྲོད་ཡོད་མི་ལས་ དངུལ་ཀྲམ་༧༦༣,༥༥༩ དེ་ མི་སྟོབས་འཛིན་སྐྱོང་ལག་དེབ་ དང་ལེན་འབད་བའི་ཤུལ་ལུ་ སྤྲོད་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་བཟུམ་འཐུས་སྤྲོད་མི་དེ་ འབྲུག་ཞི་གཡོག་བཅའ་ཡིག་༢༠༡༠ དང་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ མི་སྟོབས་འཛིན་སྐྱོང་ལག་དེབ་༢༠༡༧ ཅན་མ་ལས་ འགལ་ཡོད་པའི་ ངོས་འཛིན་བྱུང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *