སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀའ་འགྱུར་ལྗགས་ལུང་ གནང་པའི་བསྒང་།

རྒྱལ་བའི་གསུང་རབ་ བཀའ་འགྱུར་གྱི་དགོས་པ་དང་ འབྱུང་ཁུངས།

༉ ད་རེས་ནངས་པར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཐིམ་ཕུག་ ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མིའི་ སྐུ་འདུན་ལུ་སྦེ་ རྒྱལ་བའི་གསུང་རབ་ཆེན་མོ་ བཀའ་འགྱུར་གྱི་ ལྗགས་ལུང་གནང་སར་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ཚུ་ལས་ དད་ཅན་སྐྱ་སེར་ཕོ་མོ་ སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན།
སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ མི་མང་ལུ་ བཀའ་འགྱུར་གྱི་ ལྗགས་ལུང་གནང་མི་དེ་ ད་རེས་བརྩིསཝ་ད་ ཐེངས་༤ པ་ཨིན་པས།
སྐྱབས་རྗེ་མཆོག་གིས་ བཀའ་འགྱུར་གྱི་ལྗགས་ལུང་དེ་ ཞིང་གཤེགས་དམ་པ་ སྐྱབས་རྗེ་བདུད་འཇོམས་ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་ལས་ ཞུ་ཡོདཔ་ཨིན་པས།
རྒྱལ་བའི་གསུང་རབ་བཀའ་འགྱུར་ནང་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གསུངས་གནང་མི་ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ག་ར་ ཚང་ཡོདཔ་ལས་ བཀའ་འགྱུར་གྱི་ལུང་ འཐོབ་པ་ཅིན་ ཆོས་ཀྱི་ཕུང་པོ་ཡོངས་རྫོགས་ཀྱི་ དངོས་གྲུབ་ཐོབ་དོ་བཟུམ་ཅིག་ཨིན་པས།
བཀའ་འགྱུར་ལྗགས་ལུང་ འགོ་འདྲེན་ཚོགས་ཆུང་གི་དྲུང་ཆེན་ མཁན་པོ་སངས་རྒྱས་ཆོས་གྲགས་ཀྱིས་ བཤད་མིའི་ནང་ བཀའ་འགྱུར་ནང་ འདུལ་བ་དང་ མདོ་སྡེ་ དེ་ལས་ མངོན་པ་ག་ར་ཚངམ་སྦེ་ ཡོད་ཟེར་ཨིན་པས།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་འཕགས་པའི་ཡུལ་ལུ་ ཉན་རང་གི་ དགྲ་བཅོམ་པ་ཚུ་ལུ་ གསུངས་གནང་མི་ཆོས་དེ་ ཤུལ་ལས་ བོད་སྐད་ལུ་ བསྒྱུར་བཅོས་འབད་ནི་དེ་གིས་ བཀའ་འགྱུར་ཟེར་བའི་ ངེས་ཚིག་ལུ་གྱུར་སོ་ནུག།
མ་གཞི་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ དགྲ་བཅོམ་པ་གྲངས་མེདཔ་ཅིག་ལུ་ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ གསུངས་ཡོདཔ་ཨིན་རུང་ དེ་ཚུ་ ཡིག་ཐོག་ལུ་ ཕབ་མ་ཚུགསཔ་ལས་ ལོ་ལེ་ཤ་གི་ཤུལ་ལས་རྐྱངམ་གཅིག་ ཡིག་ཐོག་ལུ་ བསྒྱུར་གནང་ནུག།
མཁན་པོ་སངས་རྒྱས་ཆོས་གྲགས་ཀྱིས་འབད་བ་ཅིན་ སྟོན་པ་སངས་རྒྱས་མཆོག་ སྐུ་མྱ་ངན་ལས་འདས་པའི་ཤུལ་ལུ་ ཉན་རང་གི་ དགྲ་བཅོམ་ཚུ་ བཀའ་བསྡུ་ཐེངས་༣ འཚོགས་པའི་སྐབས་ལུ་རྐྱངམ་གཅིག་ རྒྱལ་བའི་བཀའ་དེ་ ཡིག་ཐོག་ལུ་ ཕབ་གནང་ནུག་ཟེར་ཨིནམ་ད་ དེའི་ཧེ་མར་ དགྲ་བཅོམ་པ་ཚུ་གིས་ རྒྱལ་བའི་བཀའ་དེ་ ཐུགས་ཁར་ བྱིན་གྱིས་རླབས་བཞག་ཡོདཔ་ཨིན་པས།
དེ་ཡང་ སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ ལོ་དེའི་ཤུལ་ལས་ རྒྱལ་པོ་མ་སྐྱེས་དགྲ་གིས་ སྦྱིན་བདག་མཛད་དེ་ རྒྱལ་པོའི་ཁབ་ཀྱི་བྲོང་ནང་ བཀའ་བསྡུ་དང་པ་ འཚོགས་པའི་སྐབས་ དགྲ་བཅོམ་པ་༥༠༠ དེ་ཅིག་ འཛོམས་ཐོག་ལས་ སངས་རྒྱས་ཀྱི་ཆོས་ བདེན་པ་༤ འི་ ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ སངས་རྒྱས་ཀྱི་བཀའ་དེ་ དགྲ་བཅོམ་པ་ཚུ་གི་ མི་བརྗེད་པའི་བཟུང་ལུ་ བྱིན་གྱིས་རླབས་བཞག་ཡོདཔ་མ་གཏོགས་ ཡིག་ཐོག་ལུ་ མེདཔ་ཨིན་པས།


མཁན་པོ་སངས་རྒྱས་ཆོས་གྲགས་ཀྱིས་ བཤད་མིའི་ནང་ སྟོན་པ་སྐུ་མྱ་ངན་ལས་འདས་ཏེ་ ལོ་༡༡༠ གྱི་ཤུལ་ལས་ བཀའ་བསྡུ་༢ པ་འཚོགས་པའི་སྐབས་ལུ་ཡང་ རྒྱལ་བའི་བཀའ་དེ་ ཡིག་ཐོག་ལུ་ མ་ཕབ་པས་ཟེར་ཨིནམ་ད་ བཀའ་བསྡུ་༢ པ་དེ་ ཡུལ་ཡང་པ་ཅན་ལུ་ བསྟན་པའི་སྦྱིན་བདག་ ཆོས་རྒྱལ་མྱ་ངན་མེད་ཀྱིས་ མཛད་ཐོག་ལས་ འཚོགས་ཡོདཔ་ད་ དེ་བསྒང་ དགྲ་བཅོམ་པ་༧༠༠ ལྷགཔ་ཅིག་གིས་ མཚན་ཉིད་མེད་པའི་ ཆོས་འཁོར་བསྐོར་གནང་ནུག།
བཀའ་འགྱུར་དེ་ ཡིག་ཐོག་ལུ་ ཁ་ཆེ་མེ་ཏོག་བརྩེགས་པའི་ ཀུན་དགའ་ར་ཝ་ལུ་ སྦྱིན་བདག་ཀརྣི་ཀ་གིས་མཛད་ཐོག་ལས་ བཀའ་བསྡུ་༣ པ་ འཚོགས་པའི་སྐབས་ལུ་རྐྱངམ་གཅིག་ ཡིག་ཐོག་ལུ་ཕབ་ཡོདཔ་ད་ དེ་བསྒང་ རྒྱལ་བའི་བཀའ་དེ་ ལེགས་སྦྱར་ལྷའི་སྐད་དང་པ་ ལི་གཉིས་ནང་རྐྱངམ་གཅིག་ཡོདཔ་ཨིན་པས།
དུས་རབས་༧ པའི་ནང་ བཀའ་འགྱུར་དེ་ བོད་ཀྱི་ལོ་ཙཱ་བ་ཚུ་གིས་ སྐད་བསྒྱུར་གནང་ཡོདཔ་ད་ དེ་ཡང་ མཁན་པོ་སངས་རྒྱས་ཆོས་གྲགས་ཀྱིས་འབད་བ་ཅིན་ དུས་རབས་༧ པའི་ནང་ རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ ཐུ་མི་མཁན་པོ་སམ་བྷོ་ཊ་གིས་ སྤྱན་རས་གཟིགས་ཀྱི་ མདོ་བརྒྱུད་ཉེར་གཅིག་ཚུ་ བོད་སྐད་ལུ་བསྒྱུར་གནང་མི་ལུ་ བལྟ་བ་ཅིན་ བཀའ་འགྱུར་དེ་ དེ་བསྒང་ལས་ར་ སྐད་བསྒྱུར་གནང་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
དེ་ལས་ དུས་རབས་༨ པའི་ནང་ སྔ་བསྒྱུར་རྙིང་མའི་ལོ་ཙ་བ་ མཁས་པ་བེེ་རོ་ཙ་ན་དང་ སྐ་བ་དཔལ་བརྩེགས་ ཅོག་རོ་ཀླུའི་རྒྱལ་པོ་ལ་སོགས་པ་ཚུ་གིས་ བཀའ་འགྱུར་བསྒྱུར་བཅོས་གནང་ཡོདཔ་མ་ཚད་ དེ་ལས་བརྒྱུད་དེ་ དུས་རབས་༡༡ པའི་ནང་བྱོན་མི་ གསར་མིའི་ལོ་ཙཱ་བ་ རིན་ཆེན་བཟང་པོ་དང་ སྒྲ་བསྒྱུར་མར་པ་ལ་སོགས་ཚུ་གིས་ཡང་ བསྒྱུར་གནང་ནུག་ཟེར་ཨིན་པས།
ད་རེས་ སྐྱབས་རྗེ་མཆོག་གིས་ ལྗགས་ལུང་གནང་མི་བཀའ་འགྱུར་དེ་ བོད་ནར་ཐང་ལུ་ པར་སྐྲུན་འབད་མི་དེ་ཨིནམ་ད་ ལ་ལོ་ བོད་དར་རྒྱས་དང་ ལྷ་ས་ལ་སོགས་པ་ཚུ་ནང་ པར་སྐྲུན་འབད་ཡོདཔ་ད་ བཀའ་འགྱུར་ལ་ལོ་ཅིག་ གསེར་བྲིས་མ་ཡང་ ཡོདཔ་ཨིན་པས།
བཀའ་འགྱུར་ལྗགས་ལུང་ཚོགས་པའི་ ཁྲི་འཛིན་འོགམ་ བཀྲིས་སྒང་གི་ བླམ་གནས་བརྟན་ ཀརྨ་རང་གྲོལ་གྱིས་འབད་བ་ཅིན་ བཀའ་འགྱུར་ལྗགས་ལུང་ཞུ་བའི་ཕན་ཡོན་ཐད་ཁར་ གནས་སྐབས་ ཚོགས་བསགས་ནི་དང་སྒྲིབ་པ་བྱང་ནི་ མཐར་ཐུག་ སངས་རྒྱས་བཅོས་འདས་ཀྱི་ཆོས་དེ་ ཐོས་པའི་བྱིན་རླབས་ལུ་བརྟེན་ རང་གིས་ཡང་གསུངས་ཚུགས་པའི་ གོ་བསྐལ་འབྱུང་ནི་ཨིནམ་མ་ཚད་ སངས་རྒྱས་ཀྱི་ གོ་འཕང་འཐོབ་ནིའི་ རྟེན་འབྲེལ་ཨིན་ཟེར་ཨིན་པས།
ཟླཝ་༣ གྱི་རིང་ གནང་ནི་ཨིན་མི་ བཀའ་འགྱུར་ལྗགས་ལུང་དེ་ རྒྱལ་ཁབ་ནང་ཡོད་པའི་ རྙིང་མའི་བླ་སློབ་ཚུ་དང་ གཞུང་གྲྭ་ཚང་གིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ལུ་བརྟེན་ རྒྱལ་ཁབ་ནང་ ཆོས་སྡེ་ཚུ་གི་བར་ན་ གཅིག་སྒྲིལ་དང་ གཅིག་མཐུན་གོང་འཕེལ་གཏང་ཐོག་ལས་ སངས་རྒྱས་ཀྱི་བསྟན་པ་ལུ་ ཞབས་ཏོག་ཞུ་ཚུགས་པའི་ གོ་སྐབས་ཡང་ཡོད་ཟེར་ འགོ་འདྲེན་འཐབ་མི་ཚུ་གིས་ བཤདཔ་མས་ཟེར་ ཞུ་ནི་ཨིན།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ངང་ལམ་ལུ་ བརྡུང་རྫོབ་ཀྱི་བཤེར་ཡིག་ ཕྱིར་འབུད་བཏང་ཡོདཔ།

༉ པདྨ་དགའ་ཚལ་ངང་ལམ་ལུ་སྡོད་མི་༢ ཀྱིས་ ཁྲིམས་སྲུང་འགག་སྡེའི་ འགན་འཛིན་པ་དང་ རྩོད་གཞི་ཕྱེ་ནིའི་དོན་ལུ་ བཤེར་ཡིག་བཙུགས་མི་དེ་ ཁ་ཙ་ དྲུང་ཁག་ཁྲིམས་འདུན་གྱིས་ སྣ་ཚོགས་སྙན་གསན་མཛད་པའི་ཤུལ་ལས་ ཕྱིར་འབུད་བཏང་ནུག། དེ་ཡང་ རྩོད་རྩ་འཇམ་དཔལ་རྡོ་རྗེ་དང་ ལྷུན་གྲུབ་ཀྱིས་ བཤེར་ཡིག་བཙུགས་མི་དེ་ཡང་ …

Leave a Reply

Your email address will not be published. Required fields are marked *