ད་ལྟོ་ གསར་བཞེངས་ཀྱི་ལཱ་བརྒྱ་ཆ་༩༠ མཇུག་བསྡུ་མི་ རྣམ་རྒྱལ་མཆོད་རྟེན།

རྒྱལ་པོའི་ཞིང་ལུ་ རྣམ་རྒྱལ་མཆོད་རྟེན་བཞེངས་ཚར་དོ་ཡོདཔ།

༉ མོང་སྒར་རྒྱལ་པོའི་ཞིང་ལུ་ མི་སེར་ལས་འགུལ་ཐོག་ལས་བཞེངས་མི་ རྣམ་རྒྱལ་མཆོད་རྟེན་དེ་ ཧ་ལམ་བསྒྲུབ་ནི་གུ་ ལྷོད་ཡོདཔ་ད་ བཞེངས་ཚརཝ་ད་ རྒྱལ་ཁབ་ནང་ མཆོད་རྟེན་སྦོམ་ཤོས་ཅིག་ འོང་ནི་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ མོང་སྒར་རྫོང་ཁག་འོག་གི་ དམག་མི་བགྲེསཔ་༤༠༠ ལྷགཔ་ཅིག་གིས་ བཞེངས་དོ་ཡོད་མི་མཆོད་རྟེན་དེ་ འོག་ཐོག་ལུ་ ལྷ་ཁང་སྦེ་ ཕྱིའི་བཟོ་བཀོད་ཚུ་ ཧ་ལམ་བསྒྲུབས་སོ་ནུག།
འགོ་འདྲེན་འཐབ་མི་ མཆོད་རྟེན་ཚོགས་པའི་ ཁྲི་འཛིན་འོགམ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ མཐོ་ཚད་ཕིཊ་༡༠༢ དང་ རྒྱ་ཚད་ཕིཊ་གྲུ་བཞི་༦༠.༢ འབད་མི་ མཆོད་རྟེན་གསར་བཞེངས་ཀྱི་ ལཱ་བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཆོད་རྟེན་གྱི་ ནང་གཟུངས་སྐུ་རྟེན་ཐེབས་ ད་ལྟོ་ ཕུན་ཚོགས་གླིང་ལུ་ བླུག་པའི་བསྒང་ཡོདཔ་མ་ཚད་ འོད་འཁོར་དེ་ རྒྱ་གར་ཨ་སམ་མངའ་སྡེ་ གུ་ཧ་ཏི་ལུ་ མཁོ་མངགས་འབད་དེ་ཡོད་རུང་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་བརྟེན་ ད་ལྟོ་ སྒུག་སྟེ་ཡོད་ཟེར་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ མཆོད་རྟེན་གྱི་ མཐའ་སྐོར་ལུ་ ས་ཡངས་དྲགས་སྦེ་ བཞག་ནིའི་དོན་ལུ་ དབང་ཐང་བཟོ་བའི་བསྒང་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ རྒྱ་ཚད་ཨེ་ཀར་༢ དང་ ཌིསི་༧༠ དེ་ཅིག་འབད་མི་ས་ཁོངས་དེ་ནང་ ར་བ་བསྒོར་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
རྒྱུ་ཆས་ཚུ་ ལྷོད་པ་ཅིན་ མཆོད་རྟེན་དེ་ ཟླཝ་༤ དེ་ཅིག་ནང་ བསྒྲུབས་ཚུགས་པའི་རེ་བ་ཡོད་ཟེར་ སངས་རྒྱས་རྡོ་རྗེ་གིས་ བཤདཔ་ཨིན་པས།
མཆོད་རྟེན་དེ་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་ཀྱི་དགོངས་བཞེད་དང་འཁྲིལ་ སྤྱི་ལོ་༢༠༡༦ ཟླ་༡༠ པའི་ནང་ དམག་མི་བགྲེསཔ་ཚུ་གིས་བཞེངས་ནི་ འགོ་བཙུགས་ནུག།
སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ མཆོད་རྟེན་བཞེངས་ནིའི་དོན་ལུ་ དམག་མི་བགྲེསཔ་ཚུ་གིས་ རང་སོའི་དང་འདོད་དང་འཁྲིལ་ རེ་རེ་གིས་ ཉིན་གྲངས་༤༠ དང་མཐོ་ཤོས་༩༠ ཚུན་ ཞབས་ཏོག་ཞུ་ཡོདཔ་མ་ཚད་ རྫོང་ཁག་བདག་སྐྱོང་དང་ རྒེད་འོག་༡༧ གྱི་མི་སེར་ དེ་ལས་ ཁྲོམ་གྱི་ཚོང་པ་དང་ དད་ཅན་སྦྱིན་བདག་ཚུ་གིས་ རྒྱུ་སྦུང་གཉིས་ཆ་རའི་ ཞལ་འདེབས་དང་ ཞབས་ཏོག་ཐོག་ལུ་ བཞེངས་དོ་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ མཆོད་རྟེན་བཞེངས་ནིའི་ལཱ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༨ དེ་ཅིག་ བཏང་ཡོདཔ་ཨིན་པས།
ལྕགས་སྐུད་ར་བ་བསྒོར་ནིའི་ཐད་ལུ་ མཆོད་རྟེན་གྱི་ གདོང་ཕྱོགས་ལུ་ཡོད་མི་ འབྲུག་གློག་མེ་ལས་འཛིན་གྱི་ ལས་བྱེདཔ་ཚུ་སྡོད་སའི་ ཐོག་ཚད་རེ་འབད་མི་ སྡོད་ཁྱིམ་༡༡ དེ་ཅིག་ ཚུད་ཡོདཔ་ལས་ ད་ལྟོ་ ལས་འཛིན་གྱིས་ སྡོད་ཁྱིམ་གསརཔ་ཅིག་ རྐྱབ་པའི་བསྒང་ཡོདཔ་ད་ ཁྱིམ་དེ་ དུས་ཅིའི་ལོ་མཇུག་བསྡུ་ཁམས་ཅིག་ར་ རྐྱབ་ཚར་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
ཨིན་རུང་ སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ རྒྱལ་ཁབ་ནང་ ནད་ཡམས་ཀྱི་ གནས་སྟངས་སྐྱོ་དྲགས་ཡོདཔ་ལས་ སྤོ་བཤུད་འབད་དགོ་པའི་ བརྡ་བསྐུལ་མ་འབད་ཟེར་ཨིན་པས།
ལས་བྱེདཔ་ཚུ་ སྤོ་བཤུད་མ་འབད་མི་དེ་གིས་ བཟོ་སྐྲུན་གྱི་ ལཱ་ཚུ་ལུ་ ཐོ་མི་ཕོག་ནི་ཨིནམ་ད་ དེ་ཡང་ ཐང་བཟོ་ནི་དང་ ཕྱོགས་༣ ལས་ ར་བ་རྐྱབ་ནིའི་ལཱ་ཚུ་ འཕྲོ་མཐུད་དེ་ འབད་ནི་ཨིནམ་ལས་ འབྲུག་གློག་མེ་ལས་འཛིན་གྱི་ ལས་བྱེད་པའི་ སྡོད་ཁྱིམ་དེ་ རྐྱབ་ཚར་བའི་ཤུལ་ལུ་ ད་ལྟོའི་ སྡོད་ཁྱིམ་ཚུ་ནང་སྡོད་མི་ ལས་བྱེདཔ་ཚུ་ སྤོ་བཤུད་འབད་ཞིནམ་ལས་རྐྱངམ་གཅིག་ ཁྱིམ་ཚུ་བརྡལ་བཤིག་གཏང་ནི་ཨིན་པས།
མཆོད་རྟེན་གྱི་ ས་བསླང་རྟེན་འབྲེལ་དེ་ དགྲ་མེད་རྩེ་གཙུག་ལག་ཁང་གི་གཙོ་འཛིན་ ལྷ་ལུང་གསུང་སྤྲུལ་རིན་པོ་ཆེ་གིས་ གནང་པའི་ཁར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ཡང་ ཐུགས་སྨོན་གནང་ཡོདཔ་ཨིན་པས།
མཆོད་རྟེན་གྱི་ ས་ཁོངས་ནང་ མ་འོངས་པར་ ཤར་ཕྱོགས་ལུང་ཕྱོགས་ནང་ ཆོས་ཕྱོགས་ཀྱི་ལས་རིམ་ འགོ་འདྲེན་འཐབ་ས་ ལྟེ་བ་ཅིག་ལུ་ འགྱུར་ནི་གི་ འོས་འབབ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *