རྒྱལ་པོའི་ཞིང་ཕུཊ་བཱོལ་རྩེད་ཐང་ གྱིབ་ཀྱི་རྩྭ་གདན་འཐིང་མི་ལུ་བརྟེན་ རྐང་རྩེདཔ་ཚུ་ སེམས་དགའ་ཡོདཔ།

༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ མོང་སྒར་རྒྱལ་པོའི་ཞིང་ལུ་ ཕུཊ་བཱོལ་རྩེད་ཐང་ནང་ གྱིབ་ཀྱི་རྩྭ་གདན་འཐིང་མི་ལུ་བརྟེན་ རྐང་རྩེདཔ་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།
བདུན་ཕྲག་རེ་ནང་ མ་ཆད་པར་ ཕུཊ་བཱོལ་རྩེད་བར་འགྱོ་མི་ ལས་འཛིན་གྱི་ ལས་བྱེདཔ་ཅིག་ཨིན་མི་ དོན་གྲུབ་ཀྱིས་ སླབ་མིའི་ནང་ རྩེདམོ་དེ་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཕན་ཐོགས་སྦོམ་ཡོད་མི་ལུ་བརྟེན་ སྤྲོ་བ་བསྐྱེད་རུང་ འཕྲལ་འཕྲལ་སྦེ་ར་ རྩེད་འགྲན་འབད་མི་ སྡེ་ཚན་མ་ཐོབ་པར་ ལཱ་ཁག་རྐྱབ་མས་ཟེར་ ཨིན་པས།
རྫོང་ཁག་རྐང་རྩེད་ཚོགས་པའི་དྲུང་ཆེན་ དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ རྩེད་ཐང་དེ་ སྤྱི་ལོ་༢༠༡༧ ལུ་ གཞི་བཙུགས་འབད་བའི་ཤུལ་ལས་ ཟླ་རིམ་བཞིན་དུ་ ཕུཊ་བཱོལ་རྩེད་མི་ སྡེ་ཚན་༢༠ དང་༢༨ ཀྱི་བར་ན་ འོངམ་མས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ དེ་ལས་ ལྷུན་རྩེ་ལས་ སྡེ་ཚན་ལེ་ཤ་ཅིག་ར་ འོང་ནི་ཡོད་རུང་ ད་རེས་ནངས་པར་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ལྷུན་རྩེ་སློབ་གྲྭ་ཆེ་བའི་ནང་ཡང་ གྱིབ་ཀྱི་རྩྭ་གདན་འཐིང་ཡོད་ནི་དེ་གིས་ མར་བབས་ཡར་སོ་ཡི་ཟེར་ ཨིན་པས།
རྩེད་འཐུས་དེ་ཡང་ ཉིན་མ་འབད་བ་ཅིན་ སྡེ་ཚན་རེ་ལུ་ དངུལ་ཀྲམ་༢,༢༠༠ དང་ ཕྱི་རུ་འབད་བ་ཅིན་ དངུལ་ཀྲམ་༢,༧༠༠ རེ་ ལེན་དོ་ཡོདཔ་ཨིན་པས།
དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ རྐང་རྩེད་ཚོགས་པའི་འཐུས་མི་ཚུ་གིས་ ཕུཊ་བཱོལ་རྩེད་ནི་ལུ་ དང་འདོད་བསྐྱེད་བཅུག་ནིའི་དོན་ལས་ རྩེད་འཐུས་དེ་ཡང་ གཞན་དང་ཕྱདཔ་ད་ ཉུང་སུ་སྦེ་ར་ བཞག་ཡི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ དེ་ནང་ རྩེདམོ་རྩེད་མི་ཚུ་ཡང་ མང་ཤོས་ར་ མོང་རྫོང་ཁག་གི་ ལས་བྱེདཔ་དང་ དངུལ་འབྲེལ་གཙུག་སྡེ་ ལུང་ཕྱོགས་ཡིག་ཚང་གི་ལས་བྱེདཔ་ ཀུ་རི་ཆུ་གློག་མེ་ལས་འགུལ་གྱི་ལས་བྱེདཔ་ ཧ་ཟས་ཤིང་ལས་འགུལ་གྱི་ལས་བྱེདཔ་ དེ་ལས་ གསོ་བའི་ལས་བྱེདཔ་ཚུ་ འོངམ་མས་ཟེར་ཨིན་པས།
དུས་རྒྱུན་དུ་ ཕུཊ་བཱོལ་རྩེད་མི་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ དང་འདོད་བསྐྱེད་མི་ མངམ་མ་འཐོན་མི་དེ་ མི་ཚུ་མང་ཤོས་ར་ མོང་སྒར་ཁྲོམ་གྱི་ས་ཁོངས་ནང་ སྡོད་དོ་ཡོདཔ་བཞིན་དུ་ མོང་སྒར་ལས་ ཀི་ལོ་མི་ཊར་༣༠ དེ་ཅིག་ འགྱོ་དགོ་མི་ལུ་བརྟེན་ ས་ཐག་རིང་ནི་དེ་གིས་ ཟད་འགྲོ་ཐེབས་གནས་མི་ལུ་བརྟེན་ཨིནམ་ད་ མོང་སྒར་མི་མང་རྩེད་ཐང་ནང་ གྱིབ་ཀྱི་རྩ་གདན་འཐིང་པ་ཅིན་ སྤྲོ་བ་བསྐྱེད་མི་ མངམ་འཐོན་འོང་ཟེར་ ཨིན་པས།
རྩེད་ཐང་དེ་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ རྐྱབ་ཞིནམ་ལས་ མོང་སྒར་རྐང་རྩེད་ཚོགས་པ་ལུ་ རྩིས་སྤྲོད་པའི་ཤུལ་ལུ་ འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ མོང་སྒར་རྐང་རྩེད་ཚོགས་པ་གིས་ རྩེད་འགྲན་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་ ཟླ་རིམ་བཞིན་དུ་ འཐུས་དངུལ་ཀྲམ་༦༠,༠༠༠ དེ་ཅིག་ བསྡུ་ལེན་འབད་མི་དེ་གིས་ གློག་མེའི་ཁྲལ་ དང་ གནས་སྐབས་བདག་འཛིན་པའི་ ཟླ་རིམ་དངུལ་ཕོགས་ དེ་ལས་ ཉམས་བཅོས་ཀྱི་དོན་ལུ་ ལག་ལེན་འཐབ་དོ་ཟེར་ ཨིན་པས།
ཁོ་གིས་ སླབ་མི་དང་འཁྲིལཝ་ད་ གློག་མེ་སྤྱོད་འཐུས་དེ་ཡང་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༢༠,༠༠༠ དང་༢༨,༠༠༠ ཀྱི་བར་ན་ ཐོནམ་མས་ཟེར་ཨིནམ་ད་ གནས་སྐབས་བདག་འཛིན་པ་ལུ་ ཟླ་རིམ་དངུལ་ཕོགས་༡༠,༠༠༠ རེ་ སྤྲོད་དོ་ཟེར་ཨིན་པས།
རྩེད་ཐང་ནང་ གློག་མེའི་ཀཝ་༤ ཡོད་མི་ཚུ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
རྐང་རྩེདཔ་ལ་ལོ་ཅིག་གིས་ ཉོགས་བཤད་བཀོད་མིའི་ནང་ རྐང་རྩེད་ཐང་ནང་ གཱོལ་བཙུགས་སའི་མཚམས་སྒོ་ནང་ དྲྭཝ་མེད་པའི་ཁར་ ཕུཊ་བཱོལ་ཡང་ མི་བྱིན་པས་ཟེར་ཨིན་པས།
ཨིན་རུང་ དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ དྲྭཝ་མ་རྐྱབ་མི་དེ་ ད་ལྟོ་ རྩེད་རིགས་ས་ཁོངས་ནང་ མཐའ་བསྐོར་ཏེ་ ལྕགས་ཀྱི་དྲྭཝ་མ་རྐྱབ་པར་ཡོདཔ་ལས་ ཉེན་སྲུང་དང་མ་ལྡན་ནི་དེ་གིས་ཨིན་རུང་ ད་རེས་ནངས་པར་ སྤྱི་དོན་ཁང་གི་མཐའ་སྐོར་ཏེ་ པར་ཆས་སི་སི་ཊི་བི་ཚུ་ གཞི་བཙུགས་འབད་བའི་བསྒང་ཡོད་ཟེར་ཨིན་པས།
རྒྱལ་པོའི་ཞིང་རྩེད་རིགས་ས་ཁོངས་ནང་ སློབ་ཕྲུག་ཨ་ལོ་ཚུ་གི་དོན་ལས་ གནམ་དགུན་ལུ་ གཞི་རྟེན་སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་ནི་ཡོདཔ་ད་ སློབ་གྲྭ་ཁག་གི་ རྐང་རྩེད་འགྲན་བསྡུར་དང་ སྐྱེས་ལོ་༣༥ ཡན་ཆད་ཀྱི་ རྐང་རྩེད་འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
རྒྱལ་པོའི་ཞིང་རྩེད་རིགས་ས་ཁོངས་དེ་ མ་འོངས་པ་ལུ་ གནམ་དགུན་གྱི་དུས་ཚོད་ལུ་ ལུང་ཕྱོགས་ཀྱི་རྩེད་འགྲན་ཚུ་ འགོ་འདྲེན་འཐབ་སའི་ ལྟེ་བ་ཅིག་ལུ་ འགྱུར་ནིའི་འཆར་གཞི་ཡོདཔ་ཨིན་པས།
རྫོང་ཁག་བཟོ་བཀོདཔ་ སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ ཕུཊ་བཱོལ་རྩེད་ཐང་ཡོད་མི་ ས་ཆ་ཨེ་ཀར་༡༠.༦ དེ་ཅིག་འབད་མི་ འབྲུག་ཨོ་ལིམ་པིག་ས་ཁོངས་དེ་ནང་ མ་འོངས་པར་ ནང་འཁོད་རྩེད་རིགས་ཀྱི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དེ་ རྩེད་རིགས་ས་ཁོངས་ཅིག་སྦེ་ བཟོ་ནིའི་འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *