རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ལས་ སློབ་ཕྲུག་༡༧༩ གིས་ སྦྱོང་བརྡར་མཐར་འཁྱོལ་ཡོདཔ།

ཁ་ཙ་ ཐིམ་ཕུག་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་གིས་ སྦྱོང་བརྡར་མཐར་འཁྱོལ་གྱི་ དུས་སྟོན་ཐེངས་༢༢ པ་ བརྩི་སྲུང་འབད་བའི་སྐབས་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ དྲགོས་ཚེ་རིང་དབང་ཕྱུག་གིས་ སྦྱོང་བརྡར་བ་༡༧༩ ལུ་ ལག་ཁྱེར་དང་ གཟེངས་བསྟོད་གསོལ་རས་གནང་ཡི།

དུས་སྟོན་དེ་ སྦྱོང་བརྡར་བ་ཚུ་དང་ འཛིན་སྐྱོང་སློབ་སྡེའི་ བཟའ་ཚང་ག་ར་གིས་ ལོ་ངོ་མང་རབས་ཅིག་ བརྩོན་ཤུགས་བསྐྱེད་དེ་ གྲུབ་འབྲས་ཐོན་པའི་ སྤྲོ་སྣང་ཅན་གྱི་ཉིནམ་དང་ སྦྱོང་བརྡར་བ་ཚུ་གིས་ རྩ་བ་༣ ལུ་ ཕྱག་ཞུ་ནིའི་ གྲ་སྒྲིག་ཡོད་པའི་རྟགས་མཚན་ཅིག་ཨིན་པས།

གྲོས་དཔོན་སྤྱི་ཁྱབ་ཀྱིས་འབད་བ་ཅིན་ མི་སེར་ཚུ་ལུ་ འཇོན་ཐངས་དང་ ཁྱད་རིག་ དེ་ལས་ དོན་སྨིན་ཅན་གྱི་ཐོག་ལས་ ཞབས་ཏོག་ཞུ་གནང་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་ལམ་སྲོལ་དང་ མི་སྡེ་དཔལ་འབྱོར་ དེ་ལས་ དམངས་གཙོའི་རིང་ལུགས་ཀྱི་ གནས་སྟངས་ཚུ་ཡང་ སྒྲིང་སྒྲི་བཟོ་དགོཔ་ ཁག་ཆེ་ཟེར་ སྦྱོང་བརྡར་བ་ཚུ་ལུ་བཤད་ཅི།

རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ བཀོད་ཚོགས་ཀྱི་ཁྲི་འཛིན་ གནས་སྐབས་གཞུང་གི་གྲོས་དཔོན་ བ་ཅུ་ཕུརཔ་རྡོ་རྗེ་གིས་འབད་བ་ཅིན་ སྦྱོང་བརྡར་བ་༡༧༩ གིས་ སྦྱོང་བརྡར་སྣ་ཚོགས་ཀྱི་ཐོག་ལས་ མཐར་འཁྱོལ་འབྱུང་ནི་དེ་ འཇམ་ཏོང་ཏོ་ཅིག་ རྩ་ལས་མེན་ཟེར་ཨིནམ་ད་ སྦྱོང་བརྡར་འབད་བའི་སྐབས་ རང་གི་ཕམ་དང་ སྤུན་ཆ་ དགའ་མཐུན་ཚུ་ རྒྱབ་ཁར་བཞག་སྟེ་ བརྩོན་འགྲུས་བསྐྱེད་དེ་ སྦྱོང་བརྡར་འབད་བའི་ གྲུབ་འབྲས་དེ་ལུ་ བཀྲིས་བདེ་ལེགས་ཡོད་ཟེར་བཤད་ཅི།

སྦྱོང་བརྡར་བ་ཚུ་ལུ་ གཙུག་ལག་ཤེས་ཚད་ མཐོ་རིམ་གོང་མ་དང་འོག་མའི་ སྦྱོང་བརྡར་པ་མཐར་འཁྱོལ་མི་ཚུ་ལུ་ དྲིབ་ལོ་མའི་ལག་ཁྱེར་དང་ ཁྱད་འཕགས་ཐོན་མི་ཚུ་ལུ་ གཟེངས་བསྟོད་གསོལ་རས་ཚུ་ བྱིན་ཡོདཔ་མ་ཚད་ སྦྱོང་བརྡར་བ་དྲག་ཤོས་༡༡ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ བཀྲིས་བདེ་ལེགས་ཀྱི་ ལག་ཁྱེར་ཚུ་གནང་ཡི།

གྲོས་དཔོན་སྤྱི་ཁྱབ་ཀྱིས་ སླབ་མིའི་ནང་ ཤེས་ཡོན་ཅན་གྱི་མི་སེར་དེ་ རྒྱལ་ཁབ་ཀྱི་ངོ་རྟགས་ བདག་འཛིན་འཐབ་མི་ཅིག་ཨིནམ་ལས་ ལམ་སྲོལ་བདག་འཛིན་འཐབ་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་ད་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུཝ་ད་ ལྷག་བསམ་རྣམ་དག་དང་ ཐ་དམ་ཚིག་དཔང་བཙུགས་ཏེ་ མི་སེར་ཚུ་ལུ་ གུས་ཞབས་དང་ ཉམ་ཆུང་གི་སྒོ་ལས་ ཞབས་ཏོག་ཞུ་དགོཔ་དེ་ ཁག་ཆེ་ཟེར་བཤད་ཅི།

ཁྲི་འཛིན་གྱིས་འབད་བ་ཅིན་ སྦྱོང་བརྡར་བ་ཚུ་གིས་ གཞུང་དང་སྒེར་སྡེ་ ག་ཏེ་ཕྱག་ཞུ་རུང་ འཛིན་སྐྱོང་སློབ་སྡེ་ལས་ཐོབ་པའི་ ཤེས་ཡོན་དང་རིག་རྩལ་ཚུ་ དངོས་སུ་ལག་ལེན་འཐབ་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིནམ་ད་ ཤེས་ཡོན་ལྷབ་ནི་དེ་ མི་ཚེ་གཅིག་གི་ལཱ་འགན་ཨིནམ་ལས་ ཤེས་ཡོན་སྦྱངས་ཚར་བ་ཅིན་རྐྱངམ་གཅིག་ སངས་རྒྱས་འོང་ཟེར་བའི་ ཡིད་ཆེས་ཡོདཔ་ལས་ ལྷབ་ནི་དེ་བཀོག་མ་བཞག་པར་ འཕྲོ་མཐུད་དེ་ར་ ལྷབ་སྦྱང་འབད་གནང་ཟེར་ བཤད་ཅི།

སྦྱོང་བརྡར་མཐར་འཁྱོལ་མི་ བཀྲིས་བཟང་མོ་གིས་ སླབ་མིའི་ནང་ མོ་གིས་ འཛིན་སྐྱོང་སློབ་སྡེ་ལས་ཐོབ་མི་ རིག་རྩལ་ཚུ་ ལག་ལེན་འཐབ་སྟེ་ རྩ་བ་༣ ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཕྱིད་གང་དྲག་ཞུ་འོང་ཟེར་ཨིན་པས།

དུས་སྟོན་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དུས་སྟོན་བརྩི་སྲུང་འབད་སར་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་དང་ གཞུང་དྲུང་ཆེན་ དཔོན་ཁག་ དེ་ལས་ སྦྱོང་བརྡར་བ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཞབས་བརྟན་དང་ བཀྲིས་སྨོན་ལམ་ཕུལ་ཡི།

ཁ་ཙ་ ཉིན་མར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ འཛིན་སྐྱོང་སློབ་སྡེ་ནང་བྱོན་ཏེ་ མཐར་འཁྱོལ་བྱུང་མི་སློབ་ཕྲུག་ཚུ་དང་ མཇལ་ཕྲད་མཛད་གནང་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

རྒྱལ་ཡོངས་ཚོགས་སྡེ་དང་ བརྡ་བརྒྱུད་གྱི་བར་ན་ མཉམ་འབྲེལ་ཁག་ཆེ་ནི།

༉ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ བརྡ་བརྒྱུད་ཀྱི་འཐུས་མི་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གཙུག་སྡེ་༢ ཀྱི་བར་ན་ མཉམ་འབྲེལ་འབད་དགོཔ་ ཁག་ཆེ་བའི་སྐོར་ གཅིག་གིས་གཅིག་ལུ་ ངོས་ལེན་འབད་ཡི། མཉམ་འབྲེལ་ཞལ་འཛོམས་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ …

Leave a Reply

Your email address will not be published. Required fields are marked *