རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཐིམ་ཕུག་སྨན་ཁང་གི་གཙོ་འཛིན་ དགོངས་ཕོག་བཏང་ཡོདཔ།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཁ་ཙ་ དམིགས་བསལ་གྱི་ ཞལ་འཛོམས་ཅིག་ འཚོགས་ཐོག་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་དེ་ ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་ནི་སྦེ་ གྲོས་ཐག་བཅད་ནུག།
ལཱ་གཡོག་ནང་ལས་ དགོངས་ཕོག་དེ་ཡང་ མཐོ་གཏུགས་ཁྲིམས་འདུན་ཚུ་ནང་ རྩོད་གཞིའི་བྱ་རིམ་མ་རྫོགས་ཚུན་ གནས་དགོཔ་བཞིན་དུ་ ལྷན་ཚོགས་ཀྱི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གཙོ་འཛིན་དེ་ལུ་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ མཐོ་གཏུགས་འབད་ནི་གི་ ཉིན་གྲངས་༡༠ ཡོད་མི་ལུ་བརྟེན་ བདག་སྐྱོང་གི་ དང་ལེན་མ་འབད་བར་ བསྒུགས་སྡོད་ཅི་ཟེར་ཨིན་པས།
གཙོ་འཛིན་དེ་ ཧེ་མར་ ཀྲོང་གསར་རྫོང་བདག་སྦེ་ སྡོད་པའི་སྐབས་ ས་ཆ་ཚུལ་མིན་ཐོག་ མཁོ་སྒྲུབ་འབད་བའི་ ཉེས་པ་ལུ་བརྟེན་ རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༡༡ པའི་ཚེས་༡༤ ལུ་ མཉམ་སྡེབ་ཀྱི་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་ཨིན་པས།
དེ་ཡང་ རྩོད་ཟླ་ལྷགཔ་རྡོ་རྗེ་ལུ་ ཡིག་ཆ་རྫུས་མ་བཟོ་ཡོད་པའི་ ཉེས་འཛུགས་༤ དང་ ཡིག་ཚང་གི་ བྱ་སྤྱོད་ངན་པ་འཐབ་པའི་ ཉེས་འཛུགས་ཁག་༣ དེ་ལས་ ཡིག་ཆ་ཚུ་ གཡོ་སྒྱུའི་སྒོ་ལས་ བཟོ་ཡོད་པའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་བསྡོམས་ལོ་༡༣ ཕོག་ཡོད་རུང་ མཉམ་འབྱུང་གི་ བཙོན་ཁྲིམས་ལོ་༥ བཀལ་ནུག།
རྫོང་བདག་བགྲེཔས་གིས་ འཁྲུན་ཆོད་ཐོན་པའི་ ཉིནམ་༡ གི་ཤུལ་ལས་ ཆེ་མཐོའི་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནུག།
ལྷན་ཚོགས་ཀྱིས་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མའི་ དོན་ཚན་༡༩.༡༠.༥.༤ པའི་ དགོངས་དོན་དང་འཁྲིལ་ཏེ་ དགོངས་ཕོག་གཏང་ནི་སྦེ་ ཐག་བཅད་ཡོདཔ་ད་ ཉེས་ཁྲིམས་ཚར་གཅིག་བཀལ་ཞིནམ་ལས་ ཞི་གཡོགཔ་ཅིག་ དགོངས་ཕོག་གཏང་ནིའི་དོན་ལུ་ མི་མང་གི་ མཐའ་དོན་དེ་ ཐག་གཅད་ནིའི་ ལམ་སྟོན་གྱི་ ཆ་རྐྱེན་ཅིག་ཨིན་པས།
དོན་ཚན་ནང་ ངན་ལྷད་དང་ གཞུང་དངུལ་ལྐོག་ཟ་དང་ ཚུལ་མིན་སྤྱོད་པ་ འོས་མེད་ཀྱི་རྒྱུ་དངོས་ཚུ་ འཆང་བ་ སྒེར་ཕན་གྱི་དོན་ལུ་ གཞུང་དོན་གྱི་དབང་ཚད་ ལོག་སྤྱོད་འབད་བའི་ གནད་དོན་ཚུ་ཡོད་པ་ཅིན་ ཞི་གཡོགཔ་དེ་ དགོངས་ཕོག་གཏང་དགོ་ཟེར་བཀོད་ནུག།
ལཱ་གཡོག་ནང་ དགོངས་ཕོག་བཏང་པའི་ དུས་ཚོད་ཁར་ གཙོ་འཛིན་གྱིས་ ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་དང་འཁྲིལ་ཏེ་ ཐོབ་ལམ་དང་ ཁེ་ཕན་ཚུ་ འཐོབ་ནི་ཨིནམ་ད་ དགོངས་ཕོག་ནང་ཡོད་མི་ ཞི་གཡོགཔ་དེ་གིས་ དགོངས་ཕོག་མ་བཏང་བའི་ སྔ་གོང་ལུ་ཐོབ་པའི་ གཞི་རྟེན་དངུལ་ཕོགས་ལས་ཕྱེད་ཀ་ཅིག་ འཚོ་འཐུས་སྦེ་ འཐོབ་ནི་ཨིན་པས།
དེ་ཡང་ གཞི་རྟེན་དངུལ་ཕོགས་མཇུག་གི་ བརྒྱ་ཆ་༥༠ དེ་ ཁྲིམས་ཁང་ ཡང་ཅིན་ སྒྲིག་ཁྲིམས་ཚོགས་ཆུང་གིས་ བྱ་རིམ་མཇུག་མ་བསྡུ་ཚུན་ཚོད་ འཚོ་འཐུས་སྦེ་ སྤྲོད་དགོ་པའི་ཁར་ བྱ་རིམ་ཚུ་ མཇུག་བསྡུ་བའི་སྐབས་ ཞི་གཡོགཔ་དེ་ ཉེས་པ་མེདཔ་སྦེ་ ཐོན་པ་དང་ ཉེས་འཛུགས་ག་ར་གི་ ཉེས་གྲོལ་གྲུབ་སྟེ་ དེ་དང་འཁྲིལ་ ལཱ་གཡོག་ནང་ལོག་སྟེ་ བཙུགས་པ་ཅིན་ དགོངས་ཕོག་གི་ དུས་ཡུན་ནང་ སྡོད་རིང་གི་ དངུལ་ཕོགས་བརྒྱ་ཆ་༥༠ དང་ ཁེ་ཕན་གཞན་ཚུ་ག་ར་ རྩིས་རྐྱབ་སྟེ་ སྤྲོད་དགོཔ་ཨིན་པས།
ཉེས་འཛུགས་ཕོག་མིའི་ ཞི་གཡོགཔ་དེ་ ཉེས་མེད་ཐོན་ཡོད་པ་དང་ དེ་དང་འཁྲིལ་ ཉེས་འཛུགས་ག་ར་གྲོལ་ཏེ་ དགོངས་ཕོག་གི་ དུས་ཡུན་འདི་ དགོངས་ཞུའི་གསོལ་ར་དང་ ལོ་བསྟར་དངུལ་ཕོགས་ཡར་སེང་ དེ་ལས་ གོ་གནས་ཡར་སེང་ རྐྱངམ་གཅིག་གི་དོན་ལུ་ སྒྲིག་གཡོག་ངོ་མའི་ དུས་ཡུན་གྱི་ ཆ་ཤས་ཅིག་སྦེ་ བརྩི་དགོ་ཟེར་ བཅའ་ཡིག་དང་སྒྲིག་གཞི་ནང་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *