བསམ་རྩེ་བཀྲིས་ཆོས་གླིང་གི་འཐུས་མི་ དཱིལ་མ་ཡ་རའི།

རྒྱལ་གཞུང་གཙུག་ལག་སློབ་སྡེའི་ སློབ་ཕྲུག་ཚུ་གི་དོན་ལུ་ སློབ་དུས་ཀྱི་འཐུས་ ཡར་སེང་འབད་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ དངུལ་ཕོགས་ཡར་སེང་གི་ གསུང་གྲོས་གནངམ་དང་གཅིག་ཁར་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་ སློབ་ཕྲུག་ཚུ་གི་དོན་ལུ་ སློབ་དུས་ཀྱི་འཐུས་ ཡར་སེང་འབད་ཡི།
དེ་ཡང་ བསམ་རྩེ་བཀྲིས་ཆོས་གླིང་གི་འཐུས་མི་ དཱིལ་མ་ཡ་རའི་གིས་ གྲོས་འདེབས་ཕུལ་བའི་ཤུལ་ལས་
ཚོགས་རྒྱལ་བསྐྱུར་བའི་སྐབས་ འཐུས་མི་༢༤ གིས་ དགོ་དང་༡༡ གིས་ འཛེམ་ཡོདཔ་ད་ འཐུས་མི་༥ གིས་ མི་དགོ་ཟེར་ ཚོགས་རྒྱན་བསྐྱུར་ཐོག་ལས་ ཆ་འཇོག་གྲུབ་ཅི།
མོ་གིས་ ཞུ་མིའི་ནང་ སྤྱི་ལོ་༢༠༡༠ ལུ་ ན་ལོན་ཤེས་རིག་བཀོད་ཚོགས་འགོ་དང་པ་ འཚོགས་པའི་སྐབས་ གསུང་གྲོས་གནང་སྟེ་ འཐུས་དངུལ་ཀྲམ་༡,༠༠༠ ལས་༡,༥༠༠ གུ་ ཡར་སེང་འབད་ནི་སྦེ་ ཆ་འཇོག་གྲུབ་ཞིནམ་ལས་ གཞུང་ལུ་ཕུལ་ནུག་ཟེར་ ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༣ ལུ་ འཐུས་དངུལ་ཀྲམ་༡༧༠༠ གུ་ཡར་སེང་འབད་དེ་ ཉིན་བསྟར་ཟས་བཅུད་ཀྱི་ཚད་གཞི་ ཀེ་ལོ་རིས་༢,༢༠༠ ལས་༢,༥༠༠ གུ་ ཡར་སེང་འབད་ཡོད་རུང་ དངུལ་ཕོགས་ཚུ་ ཐེངས་དག་པ་ཅིག་ ཡར་སེང་འབད་ཡོད་རུང་ འཐུས་ཡར་སེང་འབད་དེ་མེདཔ་ལས་ སྐྱ་ནམ་གྱི་གོང་ཚད་ཚུ་ཡང་ ཡར་སེང་སྦོམ་སྦེ་ འགྱོ་ནུག་ཟེར་ཞུ་ཡི།
དེ་མ་ཚད་ སློབ་གཉེར་གྲོགས་རམ་ཐོག་ལས་ ཕྱི་རྒྱལ་ལུ་ ཤེས་ཡོན་སྦྱང་མི་ཚུ་གིས་ འཐུས་ཚུ་ཡང་ མངམ་སྦེ་ཐོབ་ཡོདཔ་མ་ཚད་ ཀི་དེབ་ཉོ་ནི་དང་ ལ་ལུ་ཅིག་གིས་ ཁང་གླ་ཚུ་ཐོབ་མ་ཚད་ རྒྱལ་ཁབ་ནང་ དྲུང་འཚོའི་སྦྱོང་བརྡར་འབད་མི་དེ་ཚུ་གིས་ ཟླ་རིམ་འཐུས་དངུལ་ཀྲམ་༡༢༠༠ དེ་རེ་ ཐོབ་ནི་དེ་གིས་ གཙུག་ལག་སློབ་སྡེའི་སློབ་ཕྲུག་ཚུ་གི་འཐུས་ཚུ་ ཡར་སེང་འབད་དགོཔ་ ངེས་བདེན་ཨིན་ཟེར་ འཐུས་མི་དཱིལ་མ་ཡ་གིས་ ཞུ་ཡི།
དངུལ་རྩིས་ བློན་པོ་རྣམ་རྒྱལ་ཚེ་རིང་གིས་ ཞུ་མིའི་ནང་ འཐུས་ཡར་སེང་གི་དོན་ལུ་ རྒྱབ་སྐྱོར་ཡོདཔ་བཞིན་དུ་ གཙུག་ལག་སློབ་སྡེ་གིས་ ཞུ་བ་འབདཝ་བཞིན་དུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༢༠༨ གཙུག་ལག་སློབ་སྡེ་ལུ་ སྤྲོད་ཡོདཔ་བཞིན་དུ་ དེ་གིས་ འཐུས་ཡར་སེང་གི་དོན་ལུ་ ཁྱབ་ཚུགས་ཟེར་ཞུ་ཡི།
རྒྱལ་གཞུང་འཛིན་སྐྱོང་སྤེལ་ཁང་ནང་ གཙུག་ལག་གོང་མའི་ཤེས་ཡོན་སྦྱང་མི་ སློབ་ཕྲུག་ཚུ་གི་དོན་ལུ་ ཟླ་རིམ་སློབ་དུས་འཐུས་ དངུལ་ཀྲམ་༥,༠༠༠ གུ་ ཡར་སེང་འབད་འབད་ཡོདཔ་ད་ གཞན་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གི་དོན་ལུ་འབད་བ་ཅིན་ ཁང་གླའི་འཐུས་ དངུལ་ཀྲམ་༡༥༠༠ འབད་མི་དེ་ དངུལ་ཀྲམ་༢,༥༠༠ གུ་ཡར་སེང་འབད་ཡོདཔ་ད་ གྲོས་དོན་༣ པ་ རྒྱལ་གཞུང་གཙུག་ལག་སློབ་སྡེ་གི་ཁ་ཐུག་ལས་ འཆར་གཞི་དང་མ་དངུལ་ཚུ་བགོ་བཀྲམ་འབད་དེ་ བརྒྱ་ཆ་༧༠ སློབ་གྲྭ་ནང་སྡོད་དགོཔ་དང་ བརྒྱ་ཆ་༣༠ དེ་ཅིག་ སློབ་གྲྭའི་ཕྱི་ཁར་སྡོད་དགོཔ་བཟོ་དགོ་པའི་ སྲིད་བྱུས་བརྩམ་དགོ་པའི་གྲོས་འབུལ་དེ་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ དབང་ཚད་དེ་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་བདག་སྐྱོང་ལུ་ བཞག་དགོ་པའི་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *