ད་རེས་ནངས་པར་ ཐིམ་ཕུག་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ སྐོར་ར་རྐྱབ་མི་ རེ་གཉིས་མ་གཏོགས་ མེད་པའི་མཐོང་སྣང་།

རྒྱལ་ཁབ་ནང་ ལྟ་བཤལཔ་༡ རྐྱངམ་གཅིག་ཡོདཔ།

༉ རྒྱལ་ཁབ་ནང་ ལྟ་བཤལ་ཕུད་རྡོག་གཅིག་ལས་བརྒལ་ མེད་མི་ལུ་བརྟེན་ སྤྱི་ལོ་༢༠༢༠ ཟླ་༣ པའི་ཚེས་༢༣ དེ་ རྒྱལ་རབས་ཅན་ཅིག་ འོང་ནི་ཨིན་པས།
རྒྱལ་ཁབ་ནང་ COVID-19 ནད་འབུབ་ཐོབ་མི་ བདའ་ཟུན་པའི་ཤུལ་ལས་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ གཞུང་གིས་ ལྟ་བཤལཔ་བཀག་ཆ་འབད་མི་དང་བསྟུན་ འགྲོས་ཀྱིས་བཏང་ ལྟ་བཤལཔ་ཚུ་ ལོག་འགྱོ་ནི་ འགོ་བཙུགས་ནུག།
འདས་པའི་རེས་གཟའ་ མིག་དམར་ལུ་ ལྟ་བཤལ་༤ ཁོང་རའི་ རྒྱལ་ཁབ་ནང་ སོང་ཡོདཔ་ད་ ད་ལྟོ་ རྒྱལ་ཁབ་ནང་ ལྟ་བཤལཔ་ཕུད་རྡོག་གཅིག་ ལུས་མི་དེ་ཡང་ ཀོ་རོ་ན་བའེ་རཱསི་ཐོབ་མི་ ཨམ་སྲུ་དེ་ཨིན་པས།
ནདཔ་དེ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཟུར་ཤག་ལུ་ བཞག་སྟེ་ཡོདཔ་ད་ མོ་ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ མངོན་གསལ་བྱུང་ནུག།
ཨ་རྟག་འབད་བ་ཅིན་ ཐིམ་ཕུག་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་དང་ ཀུན་གསལ་ཕོ་བྲང་ ལག་བཟོ་ཚོང་ཁང་ཚུ་ནང་ འབྲེལ་འཛིན་ཅན་ཅིག་སྦེ་ མཐོང་གསལ་བྱུངམ་ཨིན་རུང་ ད་རེས་ ནང་འཁོད་ཀྱི་ མི་རེ་གཉིས་ལས་བརྒལ་ མཐོང་ནི་མིན་འདུག།
འབྲུག་འདི་ ལྟ་བཤལཔ་འོང་ནིའི་ ས་ཆ་དྲག་ཤོས་ཅིག་སྦེ་ ངོས་འཛིན་འབད་བའི་ ཉིནམ་དེ་ནང་ འགོ་དང་པ་ COVID-19 ནད་འབུབ་ཐོན་ཡོད་པའི་ ངོས་བཟུང་འབད་ཡོདཔ་ད་ ད་རེས་ ལྟ་བཤལཔ་ཕུད་རྡོག་གཅིག་ལས་མེད་མི་དེ་ རྒྱལ་ཁབ་ནང་ སྤྱི་ལོ་༡༩༧༤ ལུ་ ལྟ་བཤལ་འགོ་བཙུགས་པའི་ཤུལ་ལས་ འགོ་དང་པ་ཨིན་པས།
ཀོ་རོ་ན་བའེ་རཱསི་ ཐོན་པའི་སྐབས་ རྒྱལ་ཁབ་ནང་ ལྟ་བཤལཔ་༡,༠༠༠ དེ་ཅིག་ ལྷོད་ཡོདཔ་ད་ ཤར་ཕྱོགས་རྫོང་ཁག་ནང་ ལྟ་བཤལ་དེ་ སྤྱི་ལོ་༡༩༨༩ ལུ་ སྒོ་ཕྱེ་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༨༡ ལས་ རྒྱལ་ཁབ་ནང་ ལྟ་བཤལཔ་༢,༠༠༠ འོང་པའི་ཤུལ་ལས་ ལོ་བསྟར་བཞིན་དུ་ ལྟ་བཤལ་པའི་ གྱངས་ཁ་ཡར་སེང་སོང་སྟེ་ སྤྱི་ལོ་༢༠༡༩ ལུ་ ལྟ་བཤལཔ་༢༠༠,༠༠༠ ལྷོད་ནུག།
འབྲུག་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ རྒྱལ་ཁབ་ནང་ ལྟ་བཤལཔ་ཕུད་རྡོག་གཅིག་ཡོད་མི་ལུ་ ཚོར་སྣ་མ་འདྲཝ་ བྱུངམ་མས་ཟེར་ བཤད་པའི་ཁར་ ལྟ་བཤལ་གྱི་ ཚོང་འབྲེལ་མེད་མི་ལུ་བརྟེན་ རྒྱལ་ཁབ་ནང་ གྱོང་རྒུད་ཕོག་མི་དེ་ གསལ་ཏོག་ཏོ་སྦེ་ མཐོང་གསལ་བྱུངམ་མས་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ལྟ་བཤལ་པའི་ གོ་སྐབས་གསརཔ་ཚུ་ བཟོ་དོ་ཟེར་ཨིནམ་ད་ སྤྱི་ཟླ་དང་པའི་ཚེས་༡༥ ལས་ སྤྱི་ཟླ་༣ པའི་ཚེས་༢༣ གྱི་ ནང་འཁོད་ལུ་ རྒྱལ་སྤྱིའི་ལྟ་བཤལཔ་༢,༢༥༠ འབདཝ་ད་ རྒྱལ་ཁབ་ཀྱི་ འོང་འབབ་ཡུ་ཨེསི་ཌོ་ལར་ས་ཡ་༤.༤ གྱོང་རྒུད་ཕོག་མི་དེ་ཡང་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་མ་བརྩིས་བར་ཨིན་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤད་ཅི།
རྡོ་རྗེ་དགྲ་འདུལ་གྱིས་ སླབ་མིའི་ནང་ འབྲུག་གིས་ COVID-19 ཁྱབ་སྤེལ་བཀག་ཐབས་ལུ་ ཐབས་ཤེས་སྣ་ཚོགས་བཏོན་ཏེ་ཡོད་པའི་ཁར་ ལྟ་བཤལ་ལས་སྡེ་ནང་ གནོད་པ་བྱུང་མི་ཚུ་ལུ་ ཁེ་ཕན་ཅན་ཅིག་ བཟོ་ནི་ལུ་ ལཱ་འབད་བའི་བསྒང་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་འབད་རུང་ ལྟ་བཤལ་ལུ་བརྟེན་ གྱོང་རྒུད་ཕོག་མི་ཚུ་ ལོག་བཟོ་ནིའི་དོན་ལས་ ནང་འཁོད་ལྟ་བཤལ་པའི་ ས་གོ་ཚུ་ བལྟ་དོ་ཡོད་མི་ཚུ་ཡང་ ཡོངས་གྲགས་ཅན་གྱི་ གནས་སྐོར་གྱི་ ས་གོ་ཚུ་ཨིན་ཟེར་ རྡོ་རྗེ་དགྲ་འདུལ་གྱིས་ བཤད་ཅི།
ཡོངས་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ ད་རེས་ནངས་པར་ འབྲུག་རྒྱལ་ཁབ་ཀྱི་ སྔར་སྲོལ་ལམ་ལུགས་ལུ་བརྟེན་ ཡོངས་གྲགས་སོང་ཡོད་པའི་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་བརྟེན་ ལྟ་བཤལཔ་ཚུ་གི་དོན་ལུ་ ཕན་ཁྱད་ཅན་གྱི་ ས་གོ་ཅིག་སྦེ་ གྱུར་ཏེ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *