རྒྱལ་ཁབ་ནང་ འགོ་དང་པ་ རྒྱལ་སྤྱི་གྲོང་སྡེ་གོང་འཕེལ་གྱི་ གྲོས་འཛོམས་འཚོགས་ཡོདཔ།

༉ དཔལ་འབྲུག་ཞིབ་མཇུག་ལྟེ་བ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ འགོ་འདྲེན་ཐོག་ལས་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ རྒྱལ་སྤྱི་གྲོང་སྡེ་གོང་འཕེལ་དང་བདེ་ཐབས་ཀྱི་ གྲོས་འཚོགས་དེ་ རྒྱལ་ས་ཐིམ་ཕུག་ལུ་ཡོད་མི་ བཞི་ཆེན་མཁར་ལུ་སྦེ་ འཚོགས་ཡོད་མི་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པས།
གྲོས་འཛོམས་དེ་གིས་ གྲོང་གསེབ་གོང་འཕེལ་གྱི་ གནད་དོན་ཐོག་ གོང་འཕེལ་དང་གཅིག་ཁར་ ཁྲོམ་སྡེའི་ས་ཁོངས་ཚུ་ རྒྱ་སྐྱེད་འགྱོཝ་དང་འབྲེལ་ ཡུན་བརྟན་དང་ ཁྲོམ་སྡེ་ནང་སྡོད་མི་ཚུ་གི་ བདེ་ཐབས་ལུ་ དམིགས་གཏད་བསྐྱེད་དེ་ འཚོགས་ཡོདཔ་ཨིན་པས།
ཁྲོམ་སྡེ་ནང་སྡོད་མི་ཚུ་གི་ མི་སྡེའི་བདེ་ཐབས་དེ་ ཁྲོམ་གྱི་མཐུན་རྐྱེན་དང་ འཆར་གཞི་བཟོ་ཐངས་ དེ་ལས་ ཁྲོམ་སྡེའི་སྡོད་ཁྱིམ་དང་གདོང་ལེན་ཚུ་ ག་དེ་སྦེ་ འབདཝ་ཨིན་ན་ལུ་ རག་ལས་ནི་ཨིན་པས།
གདོང་ལེན་དེ་ཚུ་ སེལ་ཐབས་ལུ་ སྒྲིང་ཁྱིམ་གྱི་བཟོ་བཀོད་དང་ སྤུས་ཚད་ཅན་གྱི་མི་ཚེ་ དེ་ལས་ ཡུན་བརྟན་གྱི་མཐུན་རྐྱེན་ཚུ་དགོ་པའི་ཁར་ གྲོས་འཛོམས་དེ་གིས་ སྲིད་བྱུས་རྩམ་མི་ཚུ་དང་ ཁྲོམ་དཔོན་ དེ་ལས་ ཁྲོམ་སྡེའི་བདག་སྐྱོང་ནང་ ལཱ་འབད་མི་བཟོ་རིགཔ་ དེ་ལས་ ཞི་བའི་མི་སྡེའི་འགོ་ཁྲིདཔ་ཚུ་ལུ་ གོ་སྐབས་སྤྲོད་ཐབས་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གྲོས་འཛོམས་དེ་ནང་ རྒྱལ་ཁབ་༡༧ ལས་ འཐུས་མི་༡༠༠ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ད་ དེ་ནང་ འབྲུག་མི་༤༠༠ ལྷགཔ་ཅིག་གིས་ཡང་ གྲལ་གཏོགས་འབད་དེ་ཡོདཔ་ཨིན་པས།
གྲོས་འཛོམས་དེ་ནང་ རྒྱལ་སྤྱི་དང་ རྒྱལ་ཁབ་ནང་འཁོད་ཀྱི་ གསལ་བཤདཔ་ཚུ་གིས་ ཁྲོམ་སྡེ་དང་འབྲེལ་བའི་ གནད་དོན་སྣ་ཚོགས་ལུ་ གསལ་བཤད་ཚུ་འབད་དེ་ དཔེ་ལེགས་ཤོམ་ཡོད་མི་ཚུ་ བརྗེ་སོར་འབད་ནིའི་ རེ་བ་ཡོདཔ་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གྲོས་འཛོམས་འགོ་འབྱེད་གནང་པའི་སྐབས་ ཁྲོམ་སྡེ་ནང་ ཁྱིམ་ཅིག་རྐྱབ་ནིའི་དོན་ལུ་ བཟོ་བཀོད་འབད་མི་ ཁྱིམ་ཅིག་གི་དོན་ལུ་ བཟོ་བཀོད་འབད་ནི་མེན་པར་ དེ་གི་ ཉེ་འདབས་ལས་ཕར་ཡོད་མི་ ཁྱིམ་དང་ས་ཁོངས་ཚུ་ལུ་ཡང་ བལྟ་དགོཔ་གལ་ཆེ་ཟེར་གསུངས་ཡོདཔ་ད་ ཐིམ་ཕུག་ཁྲོམ་དེ་ནང་ སྔོ་ལྗང་གི་ ས་ཁོངས་མཐོང་ཚུགས་པར་ ལཱ་ཁག་འདུག་ཟེར་གསུངས་ཡི།
བཅའ་མར་གཏོགས་མི་ཚུ་གིས་ རྒྱལ་སྤྱི་གནས་ཚད་ནང་ ཁྲོམ་སྡེ་དང་འབྲེལ་བའི་ གོང་འཕེལ་དང་མཐུན་རྐྱེན་ཚུ་ ག་བཟུམ་ར་ ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ གསལ་བཤད་ཚུ་འབད་ཡོདཔ་ཨིན།
འཛམ་གླིང་དངུལ་ཁང་གི་ ལྷོ་ཨེ་ཤི་ཡ་གྲོང་སྡེ་སྡེ་ཕྲན་གྱི་ གྲོང་སྡེ་གོང་འཕེལ་མཁས་མཆོག་ ཌེ་བིད་ མ་སཱོན་གྱིས་ འབྲུག་ལུ་ ཡུན་བརྟན་དང་ གོང་འཕེལ་ཅན་གྱི་ཁྲོམ་སྡེ་ བཟོ་ཐབས་སྐོར་ལས་ བཤད་པའི་སྐབབས་ རྒྱལ་ཁབ་ནང་ སྒེར་སྡེ་ཚུ་ ནུས་ཤུགས་ཉུང་ནི་དེ་གིས་ གཡོག་གི་གོ་སྐབས་ དེ་ཅིག་ བཟོ་མ་ཚུགས་པར་འདུག་ཟེར་བཤད་ཅི།
སོ་ནམ་ལས་སྡེ་གིས་ ལཱ་གཡོག་བརྒྱ་ཆ་༡༧ དེ་ཅིག་ བཟོ་ཡོད་རུང་ གློག་མེ་ལས་སྡེ་གིས་ གྱངས་ཁ་ཆོདཔ་ཅིག་ལས་ ས་སྟོང་བཟོ་མ་ཚུགས་པར་འདུག་ཟེར་ ཁོ་གིས་བཤད་ཡོདཔ་ད་ རྒྱལ་སྤྱིའི་གནས་སྟངས་ནང་བལྟ་བ་ཅིན་ དཔལ་འབྱོར་གྱི་གོ་སྐབས་ བརྒྱ་ཆ་༨༠ དེ་ཅིག་ ཁྲོམ་སྡེ་ནང་ བཟོ་སྟེ་འདུག་ཟེར་བཤད་ཅི།
ཁོ་གིས་བཤད་མིའི་ནང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ གཙོ་རིམ་བཟུང་དགོ་པའི་ས་ཁོངས་ ལེ་ཤ་འདུག་ཟེར་ཨིན་པས།
ཁ་ཙ་ ཉིནམ་དང་པའི་ནང་ ཇ་པཱན་ལུ་ཡོད་མི་ རྒྱལ་ཡོངས་རང་བཞིན་སློབ་སྟོན་གཙུག་ལག་སློབ་སྡེ་གི་ ཞིབ་འཚོལ་གོངམ་ ཀཱི་ གོ་མོ་གིས་ འབྲུག་ལུ་ བཙོག་རླུང་ཀར་བཱོན་ནིའུ་ཊལ་གྱི་ གནས་སྟངས་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ ཇ་པཱན་གྱི་ ཅུ་འོ་གཙུག་ལག་སློབ་སྡེ་གི་དགེ་བཤད་ མི་ཀི་ཀོ་ ཨི་ཤི་ཀ་བ་གིས་ སྔོ་ལྗང་ལྡན་པའི་མཐུན་རྐྱེན་འཆར་གཞི་དང་ འབྲུག་དང་ ཇ་པཱན་གྱི་བར་ན་ ཁྱད་པར་དང་དབྱེ་བ་ཚུ་ ག་ཅི་ར་ཡོདཔ་ཨིན་ནའི་སྐོར་ལས་ གསལ་བཤད་འབད་ཡི།
ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ འབྲུག་ལུ་འབད་བ་ཅིན་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ཁྲོམ་སྡེ་གཉིས་ནང་ ཁྲོམ་སྡེ་དང་འབྲེལ་བའི་ གདོང་ལེན་ངོ་མ་ བྱུང་སྟེ་ཡོད་ཟེར་བཀོད་ནུག།
གདོང་ལེན་ཚུ་ཡང་ སྣུམ་འཁོར་མང་དྲག་མི་ ཕྱགས་སྙིགས་བཀོག་སའི་དཀའ་ངལ་ དེ་ལས་ ཁྱིམ་གྱི་ཁང་གླ་ ཡར་འཛེགས་མི་དང་གཞན་ཡང་ ཡོད་མི་དང་མེད་མིའི་བར་ན་ ཁྱད་པར་ཡར་སེང་འགྱོ་མི་དེ་ཨིན་པས།
གྲོས་འཛོམས་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བཀྲིས་སྒང་གི་ མི་སེར་ཚུ་གིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ནང་ སྒོ་ནོར་སེམས་ཅན་གཞན་དང་ཕྱདཔ་ད་ མི་སེར་མང་ཤོས་ཀྱིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ནོར་གསོ་ནི་དེ་ ཡོངས་གྲགས་ཐོན་ཏེ་འདུག། དེ་ཡང་ ནོར་གསོ་སྐྱོང་གི་ལཱ་འབདཝ་ད་ སྡིག་པའི་ལཱ་དེ་ཅིག་ར་ མེད་ནི་དེ་གིས་ཨིནམ་ད་ ནོར་གྱི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ …

Leave a Reply

Your email address will not be published. Required fields are marked *