རྒྱལ་ཁབ་ནང་ ཆང་ལུ་བརྟེན་ ཤི་རྐྱེན་བྱུང་མི་ མཐོ་ཤོས་སྦེ་ར་ཡོདཔ།

༉ མ་གཞི་ འདས་པའི་ལོ་ནང་ ཆང་དང་འབྲེལ་བའི་ མཆིན་ནད་ལུ་བརྟེན་ མི་ལུ་ ཤི་རྐྱེན་བྱུང་མི་དེ་ མར་བབས་སོང་རུང་ ཆང་དེ་ རྒྱལ་ཁབ་ནང་ ཤི་རྐྱེན་བྱུང་མི་ ཆ་མཉམ་གྱི་ རྒྱུ་རྐྱེན་གཙོ་བོ་ཅིག་སྦེ་ར་ ངོས་འཛིན་འབད་དེ་འདུག།
དེ་ཡང་ གསོ་བའི་ལོ་བསྟར་གནས་དེབ་༢༠༡༩ ཅན་མ་དང་འཁྲིལཝ་ད་ ཆང་དང་འབྲེལ་བའི་ མཆིན་ནད་ལུ་བརྟེན་ སྤྱི་ལོ་༢༠༡༧ ལུ་ མི་༡༦༧ ལུ་ ཤི་རྐྱེན་བྱུང་མི་ལས་ ན་ཧིང་༡༡༣ ལུ་ མར་བབས་སོང་མི་དེ་ འདས་པའི་ལོ་༥ ནང་ དམའ་ཤོས་ཅིག་སྦེ་ ཐོ་བཀོད་འབད་ནུག།
ཨིན་རུང་ སྤྱི་ལོ་༢༠༡༧ ལུ་ མི་༡༠,༠༠༠ ལས་༣༥ གིས་ ཆང་ལུ་བརྟེན་པའི་ ནད་གཞི་ཐོབ་མི་དེ་ སྤྱི་ལོ་༢༠༡༩ ལུ་༣༥.༧ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ ནད་གཞི་༤༦ གིས་ མཆིན་ནད་ཐོབ་མི་དང་ཕྱདཔ་ད་ ཡོད་མི་འབདཝ་ད་ ན་ཧིང་ནདཔ་༡༡ དེ་ཅིག་ ཡར་སེང་སོང་ནུག་ཟེར་ཨིན་པས།
ཆང་ལུ་བརྟེན་ སེམས་ནད་དང་ སྤྱོད་པ་བསྒྱུར་བཅོས་སོང་མི་དེ་ཡང་ སྤྱི་ལོ་༢༠༡༧ ལུ་༩༢༣ ཡོད་མི་ལས་ ན་ཧིང་༡,༠༡༠ ལུ་ ཡར་སེང་སོང་ཡོད་མི་ལས་ མང་ཤོས་ར་ ཨམ་སྲུ་ཚུ་ ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཆང་ལུ་བརྟེན་པའི་ ཤི་རྐྱེན་དེ་ཡང་ འབྲུག་པའི་སྔར་སྲོལ་ལམ་ལུགས་ནང་ ཆང་ལག་ལེན་འཐབ་ནི་ ཁྱབ་ཆེ་དྲགས་སྦེ་ར་ ཡོད་མི་ལུ་བརྟེན་ཨིནམ་ད་ སྤྱི་ལོ་༢༠༡༨ ལུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ བསྟན་སྲུང་དམག་སྡེའི་ སྨན་ཁང་ཚུ་ མ་བརྩིས་བར་ གསོ་བའི་སྨན་ཁང་ལྟེ་བ་༡,༢༢༠ ནང་ ཆང་ལུ་བརྟེན་པའི་ ནད་གཞི་ཐོབ་མི་ག་ར་ ཕྱི་ནདཔ་སྦེ་ ཐོ་བཀོད་འབད་མི་ལས་ མང་ཤོས་ར་ སྐྱེས་ལོ་༡༥ དང་༤༩ འི་བར་ན་འབད་མི་ ནདཔ་༧༧༦ ཡོདཔ་ཨིན་པས།
ནདཔ་༢༧༡ ཡོད་ས་ལས་ སྐྱེས་ལོ་༥༠-༥༩ འབད་མི་ཚུ་ཡོདཔ་ད་ སྐྱེས་ལོ་༧༠ ཡན་ཆད་ཀྱི་ ནདཔ་༡༧༠ ཡོད་པའི་ཁར་ ཆང་ལུ་བརྟེན་ མཆིན་ནད་ཐོབ་མི་༤ དེ་ སྐྱེས་ལོ་༥ ལས་༡༤ གི་བར་ན་ འབད་མི་ཚུ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ སྨན་ཁང་ག་རའི་ནང་ མཆིན་ནད་ཐོབ་མི་ ནང་སྡོད་ནདཔ་༡,༣༦༦ ཐོ་བཀོད་འབད་ས་ལས་༡༠༩ ལུ་ ཤི་རྐྱེན་བྱུང་ནུག།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆང་བཙོང་པའི་སྐབས་ ཁྲལ་གྱི་འོང་འབབ་དེ་ རྒྱ་ཆེཝ་སྦེ་མེདཔ་ལས་ དེ་གིས་ ནདཔ་ཚུ་བཅོ་ཁ་རྐྱབ་ནི་ལུ་ ཟད་འགྲོ་ལང་མ་ཚུགས་པའི་ཁར་ མི་སྡེའི་ནང་ འཇོན་ཐངས་ཅན་དང་ ཤི་མ་རན་མི་ཚུ་ ཤིཝ་མས་ཟེར་ཨིན་པས།
ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ནང་ སྤྱི་ལོ་༢༠༡༤-༡༧ ནང་འཁོད་ལུ་ ཆང་ལུ་བརྟེན་ ནདཔ་༣,༢༦༡ ཐོ་བཀོད་འབད་མི་ལས་ བརྒྱ་ཆ་༧༠ དེ་ཅིག་ ནང་འཁོད་རྩུབ་སྤྱོད་ཀྱི་ རྩོད་དོན་ཚུ་ ཐོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ བརྟག་ཞིབ་འབད་མི་དང་འཁྲིལ་བ་ཅིན་ ཚོང་འབྲེལ་ལུ་བརྟེན་ དཔལ་འབྱོར་བསྐྱར་གསོ་འབད་ནི་དེ་ དངུལ་ཀྲམ་ཐེར་འབུམ་༡ ཚོད་རྩིས་བཏོན་ཡོདཔ་ལས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ བརྒྱ་ཆ་༡ དེ་ཅིག་ཨིན་པས།
གསོ་བ་ལྷན་ཁག་གིས་ སྤྱི་ལོ་༢༠༡༦ ལུ་ ཆང་ལུ་བརྟེན་པའི་ ནད་གཞི་ཐོབ་མི་ཚུ་ སྨན་བཅོས་ཀྱི་དོན་ལས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༧ བཏང་མི་དེ་ སྤྱི་ལོ་༢༠༡༥ ལས་ དངུལ་ཀྲམ་ས་ཡ་༡ ཡར་སེང་སོང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *