རྒྱལ་ཁབ་ནང་ གནས་ཚུལ་གསར་ཤོག་ཚུ་གི་ ཚོང་འབྲེལ་ལེགས་ཤོམ་མེདཔ།

༉ འཛམ་གླིང་ནང་ གནས་ཚུལ་གསར་ཤོག་ཚུ་ མར་བབས་སོང་ཡོདཔ་བཞིན་དུ་ འབྲུག་ལུ་ཡང་ གནས་སྟངས་ཅོག་འཐདཔ་གུ་ ལྷོད་དེ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ སྙན་ཞུ་གསར་བཏོན་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ འདས་པའི་ལོ་ལས་ འགོ་བཙུགས་ཏེ་ གནས་ཚུལ་གསར་ཤོག་དང་ བགོ་བཀྲམ་འབད་ནི་ཚུ་ཡང་ མར་བབས་སོང་ནུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༣ དང་༢༠༡༨ ཀྱི་བར་ན་ གསར་ཤོག་ལས་ཁང་མང་ཤོས་ཅིག་གི་ གསར་ཤོག་བཀྲམ་སྤེལ་དེ་ བརྒྱ་ཆ་༥༠ དེ་ཅིག མར་བབས་སོང་ནུག།
སྤྱི་ལོ་༢༠༡༢ ལུ་ གསར་ཤོག་ལས་ཁང་༡༢ ཡོད་མི་ལས་ ད་ལྟོ་༧ གུ་ ལྷོད་དེ་ཡོདཔ་ད་ སྒེར་གྱི་གསར་ཤོག་ མང་ཤོས་ཅིག་གིས་ བདུན་ཕྲག་རེ་ནང་ གསར་ཤོག་༡,༢༠༠ དང་ རྫོང་ཁ་གསར་ཤོག་གིས་ གསར་ཤོག་༦༠༠ རེ་ པར་སྐྲུན་འབད་དོ་ཡོདཔ་ཨིན་པས།
བརྟག་ཞིབ་འབད་བའི་ ནམ་དུས་ལུ་ རྫོང་ཁ་གསར་ཤོག་ རྒྱལ་སྤྱིའི་གསར་ཤོག་དེ་ དུས་ཅི་ སྤྱི་ཟླ་༥ པའི་ནང་ པར་སྐྲུན་འབད་ནི་ལས་ བཤོལ་བཞག་ཡོདཔ་ད་ སྤྱིར་བཏང་སྒེར་གྱི་ གསར་ཤོག་ཚུ་གི་ པར་སྐྲུན་དང་ བགོ་བཀྲམ་མར་བབས་སོང་ཡོད་རུང་ ཀུན་གསལ་གྱིས་ ཨིང་སྐད་གསར་ཤོག་འདྲ་༣,༠༠༠ དང་ རྫོང་ཁ་༦༠༠ ཉིན་བསྟར་བཞིན་དུ་ པར་སྐྲུན་འབདཝ་ཨིན་པས།
གཞུང་གིས་ ཁྱབ་བསྒྲགས་དང་ གསལ་བསྒྲགས་ཀྱི་ འཆར་དངུལ་ཚུ་ མར་ཕབ་འབད་ཡོདཔ་མ་ཚད་ མོ་བཱ་ཡེལ་ལག་ལེན་འཐབ་མི་ཡར་སེང་འགྱོ་མི་ལུ་བརྟེན་ གནས་ཚུལ་ཚུ་ ཡོངས་འབྲེལ་ཐོག་ལས་ རིན་མེད་སྟོང་པ་སྦེ་ ཐོབ་ཚུགས་ནི་དེ་གིས་ གསར་ཤོག་བཙོང་ནི་ལུ ཐོ་སྦོམ་སྦེ་ར་ ཕོག་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
མི་ཚུ་གི་ བསམ་སྤྱོད་བསྒྱུར་བཅོས་འགྱོ་མི་ལུ་བརྟེན་ ཚོང་མགྲོན་པ་ཚུ་གིས་ གནས་ཚུལ་ཚུ་ རིན་མེད་སྟོང་པ་སྦེ་ བལྟ་ནི་ལུ་ མཁོ་འདོད་བཀོད་དོ་ཡོད་པའི་ཁར་ མང་ཤོས་ཅིག་གིས་ མི་སྡེ་བརྡ་བརྒྱུད་ ཝེ་ཅེཊ་དང་ ཕེསི་བུག་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
གནས་ཚུལ་དང་ སྤྲོ་སྟོན་གྱི་དོན་ལུ་ ད་ལྟོ་ གྲོང་གསེབ་ཀྱི་ མི་ཚུ་གིས་ རྒྱང་མཐོང་ཊི་བི་དང་ རེ་ཌིའོ་ཚུ་ལུ་ བརྟེན་སྡོད་དོ་ཡོདཔ་ལས་ གསར་ཤོག་ཚུ་ལུ་ གདོང་ལེན་བྱུང་ཡོདཔ་ད་ གནས་སྟངས་སོར་བསྒྱུར་ལུ་བརྟེན་ གནས་ཚུལ་ལས་ཁང་ཚུ་གིས་ རང་སོའི་གསར་ཤོག་ཚུ་ ཨི-བཀྲམ་སྤེལ་ཟེར་ ཡོངས་འབྲེལ་ཐོག་ལས་ བགོ་བཀྲམ་འབད་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ཨིན་པས།
ཨིན་རུང་ ཡོངས་འབྲེལ་ཐོག་ལས་ བགོ་བཀྲམ་འབད་མི་ གསར་ཤོག་གི་ པི་ཌི་ཨེཕ་ཚུ་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ཁྱབ་སྤེལ་འབད་དོ་ཡོདཔ་ལས་ གསར་ཤོག་བཀྲམ་སྤེལ་ལུ་ ཐོ་སྦོམ་སྦེ་ར་ཕོགཔ་ཨིན་པས།
འཛམ་གླིང་ནང་ གསར་ཤོག་ཚུ་གི་ གནས་སྟངས་སྐྱོ་དྲགས་སོང་མི་ལུ་བརྟེན་ གཞུང་གིས་ འདས་པའི་ལོ་ཚུ་ནང་ལས་ གནས་ཚུལ་པར་སྐྲུན་འབད་ནིའི་དོན་ལས་ འཐུས་དང་ གནས་ཚུལ་གྱི་ སྤུས་ཚད་གོང་འཕེལ་གཏང་ནི་ལུ་ སྦྱོང་བརྡར་ཚུ་ཡང་ བྱིན་ཡོདཔ་ཨིན་པས།
ཀུན་གསལ་དེ་ རྒྱལ་ཁབ་ཀྱི་ གནས་ཚུལ་ལས་ཁང་ སྦོམ་ཤོས་ཅིག་ཨིནམ་བཞིན་དུ་ པར་སྐྲུན་དང་ བཀྲམ་སྤེལ་གྱི་ཐད་ལས་འབད་རུང་ ལས་ཁང་གཞན་ཚུ་དང་ཕྱདཔ་ད་ དབང་གནོན་འབད་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
སྤྱི་ལོ་༢༠༡༨ ལུ་ ཀུན་གསལ་ལས་འཛིན་གྱིས་ གསར་ཤོག་༡,༡༣༢,༩༡༦ པར་སྐྲུན་ཐོག་ བཀྲམ་སྤེལ་འབད་ཡོདཔ་ད་ སྒེར་གྱི་གསར་ཤོག་ལས་ཁང་ཚུ་གིས་ གསར་ཤོག་འདྲ་༦༠,༠༠༠ པར་སྐྲུན་འབད་མི་ལས་༤༩,༠༠༢ དང་༥༧,༠༠༠ དེ་ཅིག་ བཀྲམ་སྤེལ་འབད་མི་ལུ་བལྟཝ་ད་ ལོ་༡ ནང་ གསར་ཤོག་༤,༥༠༠ དང་༡༡,༠༠༠ དེ་ཅིག་ བཀྲམ་སྤེལ་མ་འབད་བས་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ གནས་ཚུལ་ཁྱབ་ཚད་ཀྱི་ཐད་ལུ་ རྫོང་ཁག་༢༠ ག་རའི་ནང་ ད་བྷུ་ཊཱ་ནིསི་རྐྱངམ་གཅིག་ ལྷོད་ཡོདཔ་ད་ དེ་གི་འོག་ལས་ ཀུན་གསལ་གྱིས་ རྫོང་ཁག་༡༨ ནང་ ལྷོད་ནུག་ཟེར་བཀོད་ནུག།
བྷུ་ཊཱན་ཊཱེམས་དང་ འབྲུག་ད་རིས་ ད་ཇོར་ན་ལིསི་ བུ་ཟི་ནེས་བྷུ་ཊཱན་ དེ་ལས་ རྒྱལ་སྤྱི་གསར་ཤོག་ཚུ་གིས་ རྫོང་ཁག་༦ ནང་རྐྱངམ་གཅིག་ ཁྱབ་ཡོདཔ་ཨིན་པས།
སྙན་ཞུ་ནང་ གསར་ཤོག་༥ གིས་ རྫོང་ཁག་མང་ཤོས་ཅིག་ནང་ མ་ལྷོད་པས་ཟེར་ བཀོད་པའི་ཁར་ ཤར་ཕྱོགས་རྫོང་ཁག་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ བསམ་གྲུབ་ལྗོངས་མཁར་ ལྷུན་རྩེ་ པདྨ་དགའ་ཚལ་ མོང་སྒར་ བུམ་ཐང་ དེ་ལས་ ཀྲོང་གསར་ཚུ་ནང་ གསར་ཤོག་ཚུ་ བཱསི་བཞག་སར་ བཞག་ཡོད་པའི་ཁར་ ལ་ལོ་ཅིག་ བྱང་སྟོང་ཤོར་མི་ལུ་བརྟེན་ གསར་ཤོག་བཀྲམ་སྤེལ་འབད་མི་ ཚོང་ཁང་ནང་ མ་ལྷོད་པའི་ སྙན་ཞུ་ཡོདཔ་ཨིན་པས།
གནས་ཚུལ་ལས་ཁང་ཚུ་གི་ འོང་འབབ་གཙོ་ཅན་དེ་ ཚོང་བསྒྲགས་ཚུ་ཨིནམ་ད་ གསར་ཤོག་ཚོང་འབྲེལ་ ལེགས་ཤོམ་མ་འགྱོ་མི་ལུ་བརྟེན་ ཚོང་བསྒྲགས་ཚུ་ལུ་ གནོད་སྐྱོན་བྱུང་པའི་ཁར་ གནས་ཚུལ་ཁྱབ་ཚད་ལུ་ཡང་ བར་ཆད་བྱུང་ནུག་ཟེར་བཀོད་ནུག།
ཀུན་གསལ་གྱིས་ རྫོང་ཁག་མང་ཤོས་ཅིག་ནང་ ཨིང་སྐད་གསར་ཤོག་ བཙོང་ཡོད་པའི་ ཐོ་བཀོད་འབད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ རྒྱལ་སྤྱི་གསར་ཤོག་གིས་ རྫོང་ཁག་ག་རའི་ནང་ བཀྲམ་སྤེལ་མ་འབད་མི་དེ་ ལྷབ་མེད་མི་ལུ་བརྟེན་ཨིན་ཟེར་ བརྟག་ཞིབ་འབད་བའི་སྐབས་ གསར་ཤོག་པར་སྐྲུན་འབད་མི་གིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ འགོ་ཁྲིད་ཐོག་ སྤྱི་ཚོགས་ཀྱི་ འཐུས་མི་སྡེ་ཚན་ཅིག་གིས་ སར་བི་ཡའི་རྒྱལ་ས་ བེལ་གེ་རེཌ་ལུ་ ཉིན་གྲངས་༥ འབད་མི་ རྒྱལ་སྤྱི་སྤྱི་ཚོགས་ཞལ་འཛོམས་ནང་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ད་ སྤྱི་ཟླ་༡༠ པའི་ཚེས་༡༧ ལུ་ མཇུག་བསྡུ་ནི་ཨིན་མི་ …

Leave a Reply

Your email address will not be published. Required fields are marked *