རྒྱལ་ཁབ་ནང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མི་༥ ལས་༢ དྲག་ཡོདཔ།

༉ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མི་༥ ལས་ འགོ་དང་པ་ཐོབ་མི་ནདཔ་༢ ཆ་ར་ དྲག་ཡོདཔ་ད་ ནདཔ་༢ པ་ སྐྱེས་ལོ་༥༧ ལང་མི་ སན་དི་ ཕིས་ཅར་དེ་ ལོག་མོ་རའི་རྒྱལ་ཁབ་ནང་ འགྱོ་ནིའི་དོན་ལུ་ ད་རེས་ གནམ་གྲུ་མེད་ནི་དེ་གིས་ ཟ་ཁང་ཅིག་ནང་ ཡོདཔ་ཨིན་པས།

ལྟ་བཤལཔ་༢ ཆ་ར་ལུ་ ནད་འབུབ་མེད་པའི་ རྟགས་མཚན་ཐོན་པའི་ཤུལ་ལས་ གསོ་བའི་ལྷན་ཁག་གིས་ ཁ་ཙ་ལས་ རྒྱལ་ཁབ་ནང་ ནད་ཡམས་ལས་དྲག་མི་༢ དང་ སྨན་བཅོས་འབད་བའི་བསྒང་ཡོད་མི་༣ གསལ་སྟོན་འབད་ཡོདཔ་ཨིན་པས།

སན་དི་ཕིས་ཅར་གྱིས་ ནད་འབུབ་ཐོབ་པའི་ཤུལ་ལས་ རྒྱལ་ཁབ་ནང་ སྨན་བཅོས་འབད་དེ་ བཞག་ཡོད་རུང་ མོ་གི་མཉམ་རོགས་ སྐྱེས་ལོ་༧༦ ལང་མི་ བརཊ་ཧི་བིཏ་དེ་ ལོག་ཁོ་རའི་རྒྱལ་ཁབ་ནང་ འབག་ཡོདཔ་ཨིན་པས།

གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ བརཊ་ཧི་བིཏ་གི་བུམོ་གིས་ མོ་གི་ ཨ་པ་དེ་ ནད་ཡམས་དྲག་ཡོད་པའི་སྐོར་ ཡོངས་འབྲེལ་ཐོག་ལས་ ཡི་གུ་ལྷོད་ཅི་ཟེར་ཨིན་པས།

ད་རེས་ ཟུར་བཞག་ཁང་ནང་ མི་༣,༢༡༨ དེ་ཅིག་ཡོདཔ་ལས་ གཞུང་གིས་ ནད་བརྟག་ཅ་ཆས་དང་ གཞན་ཟད་འགྲོ་ཚུ་མ་རྩིས་བར་ ཉིནམ་༡ ནང་ བཞེས་སྒོ་རྐྱངམ་གཅིག་གི་དོན་ལུ་ དངུལ་ཀྲམ་འབུམ་༣༢ ཟད་འགྲོ་བཏང་དོ་ཟེར་ བློན་པོ་གིས་ སླབ་ཨིན་པས།

གསོ་བའི་བློན་པོ་གིས་ ཚན་རིག་མཁས་མཆོག་ཚུ་དང་འཁྲིལཝ་ད་ ནད་འབུབ་དེ་གི་སྐོར་ལས་ ཁ་གསལ་སྦེ་ ཤེས་མ་ཚུགས་རུང་ ཉིན་གྲངས་༢༡ གི་རིང་ ཟུར་བཞག་ཁང་ནང་བཞགཔ་ད་ ནད་གཞིའི་རྟགས་མཚན་མ་ཐོན་པ་ཅིན་ ནད་འབུབ་བརྒྱ་ཆ་༩༨ དེ་ཅིག་ མེདཔ་ཨིནམ་ད་ ཉིན་གྲངས་༢༢ ལངམ་ད་ ད་རུང་ཚར་གཅིག་ བརྟག་དཔྱད་འབད་དེ་ དེ་ནང་ཡང་ ནད་འབུབ་མེདཔ་སྦེ་འཐོན་པ་ཅིན་ ཕྱི་ཁར་གཏང་ནི་ཟེར་ཨིན་པས།

ཨིན་རུང་ གསོ་བའི་ལྷན་ཁག་གིས་ གནས་སྟངས་སྐྱོ་དྲགས་འགྱོ་བ་ཅིན་ དེའི་དོན་ལུ་ གྲ་སྒྲིག་འབད་དེ་ ཕྱིའི་རྒྱལ་ཁབ་ནང་ལས་ཕར་ སློབ་སྦྱོང་འབད་བར་བཏང་ཡོད་མི་ ཌོག་ཊར་མཁས་མཆོག་༤༡ དང་ ཨེམ་བི་བི་ཨེསི་གི་ སློབ་སྦྱོང་འབད་མི་ ཌོག་ཊར་༩༢ ཡང་ ལོག་རྒྱལ་ཁབ་ནང་ ལྷོད་དེ་ཡོད་ཟེར་ གསོ་བའི་བློན་པོ་གིས་བཤད་ཅི།

དེ་མ་ཚད་ ནད་འབུབ་དེ་གིས་ ལོ་ན་རྒས་མི་ཚུ་ལུ་ ཉེན་ཁ་སྦོམ་ཡོདཔ་ལས་ གནས་སྟངས་ཚབས་ཆེན་འགྱོ་བ་ཅིན་ ཁོང་ལུ་ སྨན་ག་དེ་སྦེ་ བྱིན་ནི་ཨིན་ན་ཚུ་ཡང་ གྲ་སྒྲིག་འབད་ནིའི་དོན་ལུ་ ལོ་ན་རྒས་མི་ཚུ་གི་ མིང་ཐོ་ཚུ་ བསྡུ་སྒྲིག་འབད་ནི་ འགོ་བཙུགས་ཡོདཔ་ད་ འདས་པའི་ཉིནམ་༣ གྱི་ནང་འཁོད་ལུ་ རྫོང་ཁག་༡༢ ནང་ལས་ ཐོ་བཀོད་འབད་ཚར་ཡོད་ཟེར་ཨིན་པས།

ནད་འབུབ་ཐོབ་མི་ འབྲུག་པའི་སློབ་ཕྲུག་གསུམ་ཆ་ར་ གནས་སྟངས་ལེགས་ཤོམ་ཡོདཔ་ད་ ཁོང་ག་ར་ སློབ་གྲྭའི་སྦྱོང་ལཱ་ཚུ་ འབད་སྡོདཔ་མས་ཟེར་ ཨིན་པས།

གསོ་བའི་ལས་བྱེདཔ་ཚུ་གིས་ དུས་རྒྱུན་གྱི་ གསོ་བའི་ཞབས་ཏོག་ཚུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཟུར་བཞག་ཁང་ཚུ་ བདེ་སྲུངཔ་ཚུ་གིས་ ལྟ་རྟོག་འབད་ནིའི་དོན་ལུ་ ད་ལྟོ་ སྦྱོང་བརྡར་བྱིན་དོ་ཡོདཔ་ཨིན་པས།

ད་ལྟོ་ ནད་འབུབ་ཐོབ་མི་ གསརཔ་མེད་པའི་ཁར་ རྒྱལ་ཁབ་ཀྱི་ གནས་སྟངས་ཀྱི་ཚོས་གཞི་དེ་ ལི་ཝང་ནང་ཡོདཔ་ཨིན་རུང་ ཚབས་ཆེན་གྱི་དོན་ལུ་ གྲ་སྒྲིག་ཚུ་ འབད་དེ་ཡོད་ཟེར་ཨིན་པས།

ནད་འབུབ་དང་པ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༦༢ ལུ་ ནད་འབུབ་མེད་པའི་ཤུལ་ལས་ ཕྱི་ཁར་བཏང་ཡོད་རུང་ ག་ར་ལུ་ གློ་འབར་ནི་ལ་སོགས་པའི་ རྟགས་མཚན་འཐོན་པ་ཅིན་ གསོ་བའི་ལྷན་ཁག་དང་ འབྲེལ་བ་འཐབ་དགོཔ་སྦེ་ སླབ་ཡོད་པའི་ཁར་ ཁོང་གི་ཐོ་ཚུ་ ལྷན་ཁག་དང་གཅིག་ཁར་ཡོད་ཟེར་ གསོ་བའི་བློན་པོ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *