རྒྱལ་ཁབ་ནང་འཁོད་ལུ་ སློབ་ཕྲུག་༢༡༠ གིས་ སློབ་གྲྭ་བཤོལ་བཞག་ཡོདཔ།

༉ ཤེས་རིག་ལྷན་ཁག་གི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ཚེས་༡ ལས་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེས་བའི་ཤུལ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་སོ་སོ་ལས་ སློབ་ཕྲུག་༢༡༠ གིས་ སློབ་གྲྭ་བཤོལ་བཞག་ནུག་ཟེར་ཨིན་པས།
དེ་ཡང་ སློབ་རིམ་༡༠ པའི་ སློབ་ཕྲུག་༡༡༤ དང་ གཞན་༩༦ དེ་ སློབ་རིམ་༡༢ པའི་ སློབ་ཕྲུག་ཚུ་ཨིན་པས།
ཤེས་རིག་ལྷན་ཁག་གི་དྲུང་ཆེན་ ཀརྨ་ཚེ་རིང་གིས་ སློབ་གྲྭ་ཕྲུག་ཚུ་ཡང་ གནད་དོན་ཁག་མ་འདྲཝ་ དཔེར་ན་ ལ་ལོ་ན་མི་དང་ ལཱ་གཡོག་ནང་ འཛུལ་ཞུགས་འབད་བའི་ཁར་ ལ་ལོ་དགེ་སློང་དང་ ཨ༌ནེམོ་སྦེ་ འཛུལ་ཡོདཔ་མ་ཚད་ སློབ་གྲྭ་སོ་སོའི་ནང་ སོར་འགྱོ་མི་ལུ་བརྟེན་ཨིན་མས་ཟེར་ བཤདཔ་ཨིན་པས།
གནད་དོན་གཞན་ཚུ་ སང་ཕོད་ ལོག་ཤེས་ཡོན་ འཕྲོ་མཐུད་བལྟ་ནི་དང་ སློབ་ཕྲུག་ལ་ལོ་ཅིག་ ཁྲིམས་འགལ་ནང་ཚུད་མི་ལུ་བརྟེན་ མི་ཚེ་བསྐྱར་གསོའི་དོན་ལུ་ ལམ་བཟང་ལྟེ་བ་ཚུ་ནང་ ཡོད་པའི་ཁར་ ལ་ལོ་ཅིག་ དྲི་ཞིབ་འབད་བའི་སྐབས་ གཉེན་རྐྱབ་ཡོད་པའི་ གནད་དོན་ཚུ་ཡང་འདུག་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ ལྷན་ཁག་གི་ ཁ་ཐུག་ལས་ ལཱ་རྩ་འགེངས་ཏེ་འབད་བའི་མཐའ་མར་ སློབ་རིམ་༡༠ པ་དང་༡༢ པའི་དོན་ལུ་ སློབ་གྲྭ་ཚུ་ སྒོ་ཕྱེ་དགོ་པའི་ བཀའ་རྒྱ་གནང་པའི་ཤུལ་ལུ་ གནད་དོན་དེ་བཟུམ་ཐོན་ཡོད་མི་ལུ་ ཚ་གྱང་ལང་དགོཔ་འདུག་ཟེར་ཨིན་པས།

ཐབས་ལམ་སྣ་ཚོགས་བཏོན་ཡོདཔ།
རྒྱལ་ཁབ་ནང་ སློབ་གྲྭ་ཚུ་ སྒོ་བསྡམས་བཞག་རུང་ སློབ་ཕྲུག་ཚུ་ འབྲེལ་འཛིན་སྦེ་ བཞག་ཐབས་ལུ་ ལྷན་ཁག་གིས་ ཐབས་ཤེས་སྣ་ཚོགས་བཏོན་ཡོདཔ་ད་ ཤེས་ཡོན་ཚུ་ཡང་ རྒྱང་མཐོང་དང་ མི་སྡེ་བརྡ་བརྒྱུད་ གསར་ཤོག་ དེ་ལས་ གློ་བུར་ཤེས་ཡོན་རང་ཉིད་སློབ་སྟོན་ཚུ་ བགོ་བཀྲམ་འབད་དེ་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་འབད་སར་སོང་སྟེ་ ལྟ་རྟོག་དང་ ལམ་སྟོན་ཡང་ བྱིན་ཡོདཔ་ཨིན་པས།
ཕམ་ཉམ་ཆུང་དང་ མི་སྡེ་ དེ་ལས་ གནད་དོན་གཞན་ཚུ་ལུ་བརྟེན་ ཁྱིམ་ནང་འགྱོ་མ་ཚུགས་པའི་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ བཞག་ཡོདཔ་ད་ ལྷན་ཁག་གིས་ ཕམ་ཉམ་ཆུང་གི་ ཨ་ལོ་༡༢,༠༠༠ དེ་ཅིག་ལུ་ རྒྱགས་སྐལ་ཚུ་ཡང་ བཀྲམ་སྤེལ་འབད་ནུག།
དྲུང་ཆེན་གྱིས་ སླབ་མིའི་ནང་ རྫོང་ཁག་དང་ ཁྲོམ་སྡེ་ དེ་ལས་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ ལོག་འོང་ཞིནམ་ལས་ ཤེས་ཡོན་འཕྲོ་མཐུད་སྦྱང་ནི་ལུ་ སེམས་ཤུགས་བྱིན་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ སློབ་གྲྭ་ཚུ་གིས་འབད་རུང་ ཕམ་དང་ ཨ་ལོ་ལ་ལོ་ཅིག་དང་ འབྲེལ་བ་འཐབ་སྟེ་ སློབ་གྲྭ་ནང་ ལོག་འོང་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།
ཨིན་རུང་ ཕམ་ཚུ་ལུ་ ཚ་གྱང་དང་ སྟབས་མ་བདེཝ་ཡོད་མིའི་སྐོར་ ཧ་གོ་བའི་ཁར་ ཁོང་གི་ གྲོས་ཆོད་ལུ་ཡང་ ངོས་ལེན་འབད་དགོ་ཟེར་ཨིནམ་ད་ ལྷན་ཁག་བརྒྱུད་དེ་ རྫོང་ཁག་ཤེས་རིག་གཙོ་འཛིན་/ཁྲོམ་སྡེ་ཤེས་རིག་འགོ་དཔོན་ དེ་ལས་ འབྲེལ་ཡོད་སློབ་གྲྭའི་ དབུ་འཛིན་ཚུ་གིས་ སློབ་གྲྭ་ནང་ ལོག་མ་འོང་མི་ སློབ་ཕྲུག་༢༡༠ དེ་ འཕྲོ་འཐུད་ལྟ་རྟོག་འབད་ནི་ཨིན་པས།
ད་ལྟོ་ ན་མི་དང་ མི་ཚེ་བསྐྱར་གསོའི་ལས་རིམ་ སློབ་གྲྭ་སོར་མི་ དེ་ལས་ སང་ཕོད་ལས་ ཤེས་ཡོན་འཕྲོ་མཐུད་ལྷབ་ནི་གི་ ཐག་བཅད་མི་ཚུ་ ལྷན་ཁག་གིས་ སློབ་གྲྭ་ནང་ ལོག་འོང་བཅུག་ནི་ ངེས་བརྟན་བཟོ་ནི་ཨིནམ་ད་ སློབ་ཕྲུག་ག་ར་ ཤེས་ཡོན་མ་བྱིན་པར་ མི་ལུས་ནིའི་དོན་ལུ་ ཐབས་ཤེས་སྣ་ཚོགས་བཏོན་ཏེ་ ཉུང་མཐའ་སློབ་རིམ་༡༢ པ་ཚུན་ ཤེས་ཡོན་བྱིན་ཚུགསཔ་ བཟོ་འོང་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།
དྲུང་ཆེན་ཀརྨ་ཚེ་རིང་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ འཕྲོ་མཐུད་དེ་ ཡུན་རིངམོ་སྦེ་ སྒོ་བསྡམས་བཞག་པ་ཅིན་ སློབ་དཔོན་མང་ཤོས་ཅིག་གིས་ ན་ཆུང་ལས་ ཨ་ལོ་ཆགས་ནི་དང་ སྨྱོ་རྫས་ལག་ལེན་ ནང་འཁོད་རྩུབ་སྤྱོད་ དེ་ལས་ འདོད་སྤྱོད་དང་འབྲེལ་བའི་ སྟབས་མ་བདེཝ་ འབྱུང་ཉེན་ཡོད་པའི་ ཚ་གྱང་ཚུ་ བཤད་དེས་ཟེར་ཨིན་པས།
ད་རེས་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་ནང་ ལོག་མ་འོང་མི་དེ་ཡང་ ན་ཡམས་ཀོ་བིཌ-༡༩ ལུ་བརྟེན་ སློབ་གྲྭ་ཚུ་ སྒོ་བསྡམས་བཞག་ནི་དེ་གིས་ འོང་ནི་དང་ ཨ་ལོའི་ཕམ་དང་ སློབ་ཕྲུག་ཚུ་གིས་ ཤེས་ཡོན་འཕྲོ་མཐུད་དེ་ མི་བལྟ་ནི་སྦེ་ ཐག་བཅད་བཅདཔ་བཟུམ་འདུག་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།
སློབ་གྲྭ་ཚུ་ཡང་ རྒྱལ་ཁབ་ནང་ སྤྱི་ཟླ་༣ པའི་ཚེས་༦ ལུ་ ནད་ཡམས་ཀོ་བིཌ-༡༩ འགོ་དང་པ་ ཐོན་པའི་ཤུལ་ལས་ ནད་གཞི་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ གཞུང་གིས་ སྒོ་བསྡམས་ཡོདཔ་ཨིན་པས།
གལ་སྲིད་ སློབ་གྲྭ་ཚུ་ ཡུན་རིངམོ་སྦེ་ སྒོ་བསྡམས་བཞག་པ་ཅིན་ སློབ་གྲྭ་བཤོལ་བཞག་པའི་ གནད་དོན་ཚུ་ ཡར་སེང་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ སློབ་ཕྲུག་ག་ར་གིས་ ཤེས་ཡོན་འཕྲོ་མཐུད་བལྟ་ནིའི་ གོ་སྐབས་འཐོབ་ནི་ལུ་ སློབ་རིམ་༧ པ་ལས་༩ པ་ དེ་ལས་ སློབ་རིམ་༡༡ པ་ཚུ་ ལོག་སྒོ་ཕྱེ་ནི་ལུ་ ལྷན་ཁག་གིས་ དགོས་མཁོ་ཅན་གྱི་ གྲ་སྒྲིག་འབད་དེ་ཡོད་ཟེར་ཨིན་པས།
དེ་གིས་ ཕམ་དང་ ཨ་ལོའི་ཚ་གྱང་ཚུ་ཞི་སྟེ་ ཤེས་ཡོན་གྱི་ གྲུབ་འབྲས་ལུ་ ལྷན་ཐབས་འབྱུང་ཚུགས་ནི་དང་ ལྷན་ཁག་གིས་ ཚ་གྱང་ཡོད་མི་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་མར་ཕབ་འབད་ཚུགས་ཟེར་ དྲུང་ཆེན་ཀརྨ་ཚེ་རིང་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤེས་རིག་ལྷན་ཁག་དང་ འབྲེལ་ཡོད་ཤེས་རིག་གཙོ་འཛིན་དང་ ཁྲོམ་སྡེ་ཤེས་རིག་འགོ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ དོན་སྨིན་ཅན་སྦེ་ འབྲེལ་འཛིན་ཐོག་ བཞག་ཐབས་ལུ་ དུས་རྒྱུན་དུ་ ལྟ་རྟོག་འབད་དགོཔ་ཨིན་རུང་ སློབ་ཕྲུག་དང་ རང་སོའི་ཕམ་ཚུ་གིས་ སློབ་གྲྭ་བཤོལ་བཞག་ནི་སྦེ་ ཐག་བཅད་པ་ཅིན་ ལྷན་ཁག་ལུ་ འབད་ཐབས་ཅིག་མིན་འདུག་ཟེར་ཨིན་པས།
ཤེས་རིག་དྲུང་ཆེན་གྱིས་ བཤད་མིའི་ནང་ ལྷན་ཁག་བརྒྱུད་དེ་ རྫོང་ཁག་དང་ སློབ་གྲྭ་ཚུ་གིས་ དམིགས་བསལ་དུ་ སློབ་ཕྲུག་དང་ ཕམ་ཚུ་ལུ་ ཤེས་ཡོན་མཇུག་བསྡུ་དགོཔ་དང་ ཤུལ་ལས་ མི་ཚེ་ནང་ ཕན་གནོད་སྐོར་ལས་ འཕྲོ་མཐུད་དེ་ར་ གོ་བ་བརྡ་སྤྲོད་དང་ ཤེས་ཡོན་ཚུ་ བྱིན་འོང་ཟེར་ཨིན་པས།
དེ་མ་ཚད་ ལྷན་ཁག་གི་ ཁ་ཐུག་ལས་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་བཤོལ་བཞག་ནི་ལས་ བཀག་ཐབས་དང་ ཤེས་ཡོན་མཇུག་བསྡུ་ནི་གི་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ སྤུས་ཚད་ཅན་གྱི་ ཤེས་ཡོན་དེ་ འདྲ་མཉམ་སྦེ་ རིན་མེད་སྟོང་པ་སྦེ་ བྱིན་ནི་དང་ སློབ་ཕྲུག་ཚུ་ལུ་ ལམ་སྟོན་ཚུ་ཡང་ བྱིན་འོང་ཟེར་ ཤེས་རིག་དྲུང་ཆེན་གྱིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *