རྒྱབ་མི་༧༡ དང་ ཁྲིམས་དྲུང་༤༩ ལུ་ ལག་ཁྱེར་ཚུ་བྱིན་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ གྲོས་འཛོམས་ཁང་ནང་སྦེ་ འབྲུག་གི་རྒྱབ་མི་ཚོགས་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ རྒྱབ་མི་༧༡ དང་ ཁྲིམས་དྲུང་༤༩ ལུ་ ལག་ཁྱེར་ཚུ་གནང་ཡི།
མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་མོ་མཆོག་གིས་ གསུངས་མིའི་ནང་ ལག་ཁྱེར་ཐོབ་མི་ཚུ་ ཁྲིམས་ཀྱི་སྐུ་ཚབ་ཨིན་ཟེར་ཨིནམ་ད་ འགན་ཁུར་ག་དེམ་ཅིག་ཡོད་ག་དང་ ག་དེ་སྦེ་འབག་ནི་ཨིན་ན་ སེམས་ཁར་བཞག་ནི་ དེ་ལས་ མི་སེར་ཚུ་ལུ་ ཕྱག་ག་དེ་སྦེ་ ཞུ་དགོཔ་ཨིན་ན་ ཧ་གོ་དགོ་ཟེར་ ཨིན་པས།
མི་དབང་མཆོག་གིས་ ལག་ཁྱེར་ཐོབ་མི་ག་ར་ ཁྲིམས་བདག་འཛིན་འཐབ་མི་ཨིནམ་ལས་ ཁྲིམས་ཀྱི་བཟའ་ཚང་ཅིག་ཨིན་ཟེར་ གསུངས་པའི་ཁར་ རྒྱབ་མི་ཚུ་གིས་ ཕྱག་ལེགས་ཤོམ་ཞུ་ཚུགས་པ་ཅིན་ ཁྲིམས་ལུ་ཁེ་ཕན་བྱུངམ་མ་ཚད་ རྒྱལ་ཁབ་ཡར་རྒྱས་འགྱོ་ཚུགས་ཟེར་ ཨིན་པས།
འབྲུག་གི་རྒྱབ་མི་ཚོགས་སྡེའི་གཙོ་འཛིན་འོགམ་ རིན་འཛིན་རྒྱལ་མཚན་གྱིས་ སླབ་མིའི་ནང་ སྤྱི་ཚོགས་ཀྱིས་ ཆ་འཇོག་མཛད་གནང་མི་ རྒྱབ་མི་ཚོགས་སྡེའི་བཅའ་ཁྲིམས་༢༠༡༦ གི་དགོངས་དོན་དང་འཁྲིལ་ དྲང་དཔོན་བགྲེསཔ་ཚུ་ཨིན་པ་ཅིན་ ཆོས་རྒྱུགས་རྐྱབ་མ་དགོ་པར་ རྒྱབ་མི་དང་ རྒྱབ་མི་གི་ ལཱ་འབད་ཆོག་ཟེར་ཨིན་པས།
ད་ལྟོ་ཚུན་ རྒྱབ་མི་སྦེ་ ལག་ཁྱེར་འཆང་སྟེ་ ལཱ་འབད་མི་དེ་ གནས་སྐབས་ཅིག་གི་དོན་ལུ་ཨིན་ཟེར་ཨིནམ་ད་ ད་རེས་ ལག་ཁྱེར་གནང་མི་དེ་གིས་ ལོག་ཆོས་རྒྱུགས་རྐྱབ་མ་དགོ་པའི་ཁར་ གཞུང་དང་མི་སེར་ལུ་ ཁྲིམས་འདུན་གྱི་ ཞབས་ཏོག་ཞུ་ནི་ལུ་ ཁེ་ཕན་ཡོད་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་དྲུང་ཚུ་ལུ་ཡང་ ལག་ཁྱེར་གནང་མི་ ཧེ་མ་ལས་ར་ རྒྱབ་མི་གི་ལཱ་འབད་དེ་ ཞབས་ཏོག་ཞུ་མི་དང་ ད་ལས་ཕར་ ཞབས་ཏོག་ཞུཝ་ད་ བྱ་སྟབས་མ་བདེ་བའི་ དཀའ་ངལ་འཐོན་པ་ཅིན་ ཚོགས་སྡེ་ལུ་ཞུ་སྟེ་ བསལ་ཚུགས་པའི་ཁེ་ཕན་ཡོད་ཟེར་ཨིན་པས།
ལག་ཁྱེར་གསརཔ་གནངམ་ད་ལུ་ འཐུས་དངུལ་ཀྲམ་༥༠༠༠ རེ་སྤྲོད་ཡོདཔ་ད་ མི་དབང་མཆོག་གི་ སྐུ་མདུན་ལུ་སྦེ་ ཕྱག་ཞུ་ནིའི་ ཁས་བླངས་དམ་བཅའ་ཕུལ་ཡི།
ཆོས་རྒྱུགས་ཚོགས་ཆུང་གཞི་བཙུགས་འབད་མིའི་ནང་ འཐུས་མི་ཚུ་ཡང་ ཞི་གཡོག་ལྷན་ཁག་ལས་ འགོ་དཔོན་དང་ ཤེས་རིག་ལས་ཁུངས་ལས་མདོ་ཆེན་ མངོན་མཐོ་ཁྲིམས་འདུན་ལས་སྐུ་ཚབ་ འཇིགས་མེད་སེངྒེ་དབང་ཕྱུག་ གཙུག་སྡེ་ལས་མཁས་མཆོག་ རྒྱབ་མི་ཚོགས་སྡེ་ལས་འགོ་དཔོན་༡ གིས་ ཆོས་རྒྱུགས་རྐྱབ་མི་ཚུ་གི་དོན་ལུ་ ཆོས་རྒྱུགས་ཀྱི་དྲི་བ་ཚུ་ བཟོ་ཡོདཔ་བཞིན་དུ་ ད་རིས་ མི་༣༡ གིས་ ཆོས་རྒྱུགས་རྐྱབ་ནི་ཨིན་པས།
འབྲུག་གི་རྒྱབ་མི་ཚོགས་སྡེའི་གཙོ་འཛིན་འོགམ་ རིན་འཛིན་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྒྱབ་མིའི་དོན་ལུ་ ཚོགས་སྡེ་ནང་ ཐོ་བཀོད་འབད་དགོཔ་སྦེ་ གསལ་བཀོད་འབདཝ་བཞིན་དུ་ ཁྲིམས་ཀྱི་ཤེས་ཚད་འཆང་མི་ལེ་ཤ་ཅིག་ལུ་ གོ་སྐབས་སྤྲོད་མ་ཚུགས་ཟེར་ཨིན་པས།
དེ་ཡང་ རྒྱབ་མི་ཐོ་བཀོད་འཐུས་ དངུལ་ཀྲམ་༥༠༠༠ འབག་སྟེ་འོང་མི་ལ་ལོ་ཅིག་ ལས་སྡེ་ཁག་དང་ སྒེར་སྡེ་ བསྟན་སྲུང་ ཁྲིམས་སྲུང་འགག་སྡེ་ཚུ་ནང་ ཁྲིམས་དོན་འགོ་དཔོན་སྦེ་ཕྱག་ཞུ་བའི་ ཡིག་རིགས་ཚུ་ འབག་འོང་རུང་ ལས་སྡེ་ནང་ཕྱག་ཞུ་མི་ཚུ་ལུ་ གོ་སྐབས་སྤྲོད་ནི་མེད་ཟེར་ སླབ་ཡོདཔ་མ་ཚད་ ལཱ་གཡོག་མེད་མི་ཚུ་ལུ་ གོ་སྐབས་ཧྲིལ་བུམ་ བྱིནམ་ཨིན་ཟེར་ཨིན་པས།
གཙོ་འཛིན་འོགམ་དང་འཁྲིལ་བ་ཅིན་ ལས་སྡེ་དང་ ལས་ཁུངས་ཚུ་ནང་ ཁྲིམས་དོན་འགོ་དཔོན་སྦེ་ ཕྱག་ཞུ་ཡོད་པའི་ ཟླ་རིམ་བཞིན་དུ་ དངུལ་ཕོགས་ལེན་མི་ཅིག་ཨིནམ་ལས་ ལས་སྡེ་དང་ ལས་འཛིན་ཚུ་ལས་ རྒྱབ་མི་ཚོགས་སྡེ་ནང་ ཐོ་བཀོད་འབད་རུང་ ཉོགས་མེད་ཡི་གུ་བྱིན་མི་དེ་ དངུལ་ཕོགས་ལེན་པའི་ཁར་ རྒྱབ་མི་གི་ལཱ་ཡང་ འབད་ཆོགཔ་སྦེ་ ཧ་གོ་ནུག་ཟེར་ཨིན་པས།
རྒྱབ་མི་ཚོགས་སྡེའི་ཡིག་ཚང་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་སྦེ་ གཞི་བཙུགས་འབད་ཡོདཔ་ད་ ད་ལས་ཕར་ རྒྱབ་མི་ཚུ་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་འབྱུང་རུང་ རྩོད་ཟླ་དང་ རྩོད་རྩ་ རྒྱབ་མིའི་བར་ན་ ཁྲིམས་འགལ་གྱི་ཉོགས་བཤད་ཐོན་མི་ཚུ་ཡང་ ཚོགས་སྡེ་གིས་ ལྟ་རྟོག་འབད་ནི་ཨིན་པས།
མ་གཞི་ རྒྱབ་མི་ཚོགས་སྡེ་ནང་ རྒྱབ་མི་༡༢༧ གྱིས་ ཐོ་བཀོད་འབད་མི་ལས་ རྒྱབ་མི་༧༡ གིས་ ལག་ཁྱེར་ལེན་པར་འོང་ཡོདཔ་ད་ ཁྲིམས་དྲུང་༦༧ ལྷགཔ་ཅིག་གིས་ ཐོ་བཀོད་འབད་མི་ལས་༤༩ གིས་ ལག་ཁྱེར་ལེན་པར་འོང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *