རྒྱང་མཐོང་ཐོག་ལས་ སློབ་སྟོན་འབད་ནི་ལུ་གདོང་ལེན།

༉ རྒྱལ་ཁབ་ནང་ ནད་གཞི་ཀོ་རོ་ན་བའེ་རཱསི་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ གཞུང་གིས་ སློབ་གྲྭ་ཚུ་ སྒོ་བསྡམས་བཞག་ཡོད་རུང་ ད་རེས་ ཁས་བླངས་པ་ སློབ་དཔོན་ཚུ་ ཐིམ་ཕུག་ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ས་ཁོངས་ནང་ དུས་རྒྱུན་དུ་ མཐོང་གསལ་བྱུངམ་ཨིན་པས།
དེ་ཡང་ སློབ་དཔོན་ཚུ་ རྒྱང་བསྒྲགས་འཕྲུལ་ཁང་ནང་ རྩོད་བསྡུར་དང་ གསུང་སྐད་འགྲན་བསྡུར་ དེ་ལས་ གཉེན་ཉེཝ་དང་ ལྟ་ལྟོ་ཚང་ཚུ་ལུ་ ཁ་འཐེན་གཏང་ནིའི་དོན་ལས་ སྤུངས་འཛོམས་འབདཝ་མེན་པར་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་ཕྲུག་ཚུ་ འབྲེལ་འཛིན་སྦེ་ བཞག་ཐབས་ལུ་ཨིན་པས།
རྒྱལ་ཁབ་ནང་འཁོད་ལས་ སློབ་དཔོན་ཁས་བླངས་པ་༣༠༠ དེ་ཅིག་གིས་ བློ་གསར་སློབ་རིམ་ལས་འགོ་བཟུང་ སློབ་རིམ་༡༢ པ་ཚུན་ཚོད་ རྒྱང་མཐོང་དང་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་ནིའི་ མཐོང་ཐོས་དང་ སྒྲ་བཟུང་གི་ ལས་རིམ་ནང་ བཅའ་མར་གཏོགསཔ་ཨིན་པས།
ལས་རིམ་དེ་ རྒྱང་བསྒྲགས་ལས་འཛིན་དང་ འབྲུག་གློག་བརྙན་ཚོགས་པ་ དེ་ལས་  ཨིན་བི་ཨེསི་ལ་སོགས་པ་ ལས་སྡེ་༥ དེ་ཅིག་གིས་ འགོ་འདྲེན་འཐབ་བཞིན་དུ་ ཁོང་གིས་ མཐོང་སྣང་༥༠༠ དེ་ཅིག་ བཟོ་ནི་ཨིན་པས།
སློབ་སྟོན་གྱི་དོན་ལུ་ གནས་རིམ་༥ སྦེ་ བཟོ་ཡོད་མི་དེ་ཡང་ བློ་གསར་ལས་ སློབ་རིམ་༣ པ་ཚུན་དང་ སློབ་རིམ་༤ པ་ལས་༦ པ་ཚུན་ སློབ་རིམ་༧ པ་ལས་༨ པ་ དེ་ལས་ སློབ་རིམ་༩ པ་ལས་༡༠ དང་ སློབ་རིམ་༡༡ པ་ལས་༡༢ སྦེ་བཟོ་ནུག།
སློབ་སྟོན་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༧ ལས་ རྒྱང་མཐོང་ཊི་བི་ནང་ སློབ་སྟོན་འབད་ནི་ འགོ་བཙུགས་ནུག།

སློབ་དཔོན་ཚུ་གི་གདོང་ལེན།
སློབ་དཔོན་ཚུ་ལུ་ སློབ་སྟོན་གྱི་ ཉམས་མྱོང་ལེགས་ཤོམ་ཡོད་རུང་ རྒྱང་མཐོང་ལས་ སློབ་སྟོན་འབད་ནི་དེ་ག་ར་ འགོ་དང་པ་ཨིནམ་ལས་ གདོང་ལེན་སྦོམ་ བྱུང་དོ་ཡོད་མི་དེ་ཡང་ སློབ་ཁང་ནང་ སློབ་སྟོན་དང་ སྒྲ་བཟུང་ཐོག་ལས་ སློབ་སྟོན་འབད་མིའི་བར་ན་ ཁྱད་པར་སྦོམ་ཡོད་ནི་དེ་གིས་ཨིན་པས།
སློབ་དཔོན་མང་ཤོས་ཅིག་གིས་ བཤད་མིའི་ནང་ སློབ་སྟོན་འཆར་གཞི་བཟོ་ནི་ལུ་ ཉིན་གྲངས་༣ དེ་རེ་ འགོར་དོ་ཡོད་མི་དེ་ སློབ་གྲྭ་ནང་འབད་བ་ཅིན་ དོན་ཚན་གཅིག་ལུ་ གཞི་བཞག་སྟེ་ བཟོ་ཡོད་རུང་ ད་རེས་ སྤྱིར་བཏང་སྡེ་རིམ་སྦེ་ བཟོ་དགོ་པས་ཟེར་ཨིན་པས།
སློབ་དཔོན་ཚུ་གི་ སློབ་སྟོན་འཆར་གཞི་དེ་ཡང་ སྤུས་ཚད་ལྟ་རྟོག་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་བའི་ཤུལ་ལས་རྐྱངམ་གཅིག་ སྒྲ་བཟུང་དོ་ཡོདཔ་ཨིན་པས།
སློབ་ཁང་ནང་ འབད་བ་ཅིན་ སློབ་ཕྲུག་ཚུ་གི་གདོང་ཁར་ སློབ་སྟོན་འབད་དོ་ཡོད་རུང་ ད་རེས་ ང་བཅས་རའི་ གདོང་ཁར་སློབ་ཕྲུག་མེདཔ་ལས་ སློབ་སྟོན་འབད་དོ་བཟུམ་མའི་ མཐོང་སྣང་མ་བྱུང་རུང་ སློབ་ཕྲུག་ཚུ་ ཡོད་དོ་བཟུམ་མའི་ མནོ་བསམ་བཏང་སྟེ་ འབད་དོ་ཟེར་ སློབ་དཔོན་ཚུ་གིས་ བཤདཔ་ཨིན་པས།
མ་གཞི་ སྒྲ་བཟུང་ནིའི་དོན་ལུ་ སློབ་སྟོན་འཆར་གཞི་ཚུ་ ལེགས་ཤོམ་སྦེ་ གྲ་སྒྲིག་འབད་དེ་འོང་རུང་ པར་ཆས་ཀྱི་ གདོང་ཁར་ལྷོདཔ་ད་ གཡང་ཟ་དོ་ཡོདཔ་ལས་ གྲ་སྒྲིག་འབད་མི་ཚུ་ཡང་ བརྗེད་འགྱོཝ་མས་ཟེར་ཨིན་པས།
ལྕང་ཟམ་ཏོག་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་སངས་རྒྱས་དབང་མོ་གིས་ བཤད་མིའི་ནང་ སློབ་ཁང་ནང་ སློབ་སྟོན་འབདཝ་ད་ སློབ་ཕྲུག་ཚུ་ལུ་ གཅིག་གིས་གཅིག་ལུ་ བསམ་འཆར་བསྡུ་ལེན་དང་ འབྲེལ་བ་འཐབ་ཐོག་ལས་ སློབ་སྟོན་འབད་དོ་ཡོད་རུང་ གློག་བརྙན་ནང་འབད་བ་ཅིན་ མིག་ཏོ་ཐད་ཀར་དུ་ པར་ཆས་གུ་ར་ བལྟ་དགོ་པའི་ཁར་ རང་གི་ལག་པར་ ག་ནི་ཡང་མེདཔ་ད་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
བློ་གསར་ལས་ སློབ་རིམ་གསུམ་པ་ཚུན་གྱི་ གློག་བརྙན་བཟོ་བའི་སྐབས་ དུས་ཡུན་སྐར་མ་༢༥ དེ་རེ་ འགོར་དོ་ཡོདཔ་ད་ སློབ་ཁང་ནང་ སློབ་ཕྲུག་ཚུ་གིས་ ཧ་གོ་ཐབས་ལུ་ ཨིང་སྐད་དང་ རྫོང་ཁ་༢ སླ་བསྲེས་ཏེ་ སློབ་སྟོན་འབད་དོ་ཟེར་ སློབ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ལས་རིམ་དེ་ རྒྱང་མཐོང་ནང་ གསལ་སྟོན་འབད་ནི་ཨིནམ་བཞིན་དུ་ གལ་སྲིད་ ཁ་སྐད་ལེ་ཤ་ ལག་ལེན་འཐབ་སྟེ་ སློབ་སྟོན་འབདཝ་ད་ སྐྱོན་བརྗོད་འབད་ནིའི་ ཉེན་ཁ་ཡོདཔ་ལས་ ཁ་སྐད་གཅིག་གི་ཐོག་ལས་ སློབ་སྟོན་འབད་མི་དེ་གིས་ སློབ་ཕྲུག་ཚུ་གིས་ ག་དེ་སྦེ་ ཧ་གོ་དོ་ག་ཟེར་བའི་ དོགས་པ་ཡང་ཆགསཔ་མས་ཟེར་ དགེ་འདུ་འབྲིང་སློབ་གྲྭ་གོང་མའི་ སློབ་དཔོན་བཀྲིས་ཆོས་སྒྲོན་གྱིས་ སླབ་ཨིན་པས།
སློབ་དཔོན་དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་སྟོན་མཁོ་ཆས་ཚུ་ སློབ་ཕྲུག་ཚུ་ལུ་ ཤེས་ཚུགསཔ་བཟོ་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་རུང་ འཕྲུལ་ཆས་ཀྱི་ གདོང་ཁར་ལྷོདཔ་ད་ ང་བཅས་ཀྱིས་ མནོ་དོ་བཟུམ་ འགྱོ་མི་བཏུབ་པས་ཟེར་ཨིན་པས།
ལས་རིམ་འགོ་འདྲེན་པ་ བསོད་ནམས་ནོར་བུ་གིས་ ལས་རིམ་དེ་ མ་འོངས་པ་ལུ་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་ནི་གི་ གྲ་སྒྲིག་འབད་ནི་ལུ་ ཉམས་མྱོང་ཅིག་ཨིན་ཟེར་ བཤད་པའི་ཁར་ མ་འོངས་ཤེས་རིག་དེ་ སྒྲིང་སྒྲི་བཟོ་ནི་གི་ གོ་སྐབས་བཟུམ་ཅིག་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *