ཕྱོགས་བཟུང་འབད་མི་ ཏམ་ཁུ་དང་ སྨྱོ་རྫས་ཚུ།

རྒྱ་འབྲུག་གི་ས་མཚམས་བདའ་སྟེ་ ཁྲིམས་འགལ་འབད་མི་ མང་སུ་ཐོན་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ ཏམ་ཁུའི་ནག་ཚོང་ལུ་བརྟེན་ མི་༡༩ འཛིན་བཟུང་འབད་ནུག།

༉ འབྲུག་གཞུང་གིས་ རྒྱལ་ཁབ་ནང་ ནད་ཡམས་COVID-19 དེ་ རྒྱལ་ཁབ་ནང་ འབུ་ནི་དང་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ སྤྱི་ཟླ་༣ པའི་ཚེས་༢༢ ལས་ རྒྱལ་སྤྱིའི་ས་མཚམས་ཚུ་ག་ར་ དུས་ཚོད་ངེས་མེད་ཀྱི་རིང་ སྒོ་བསྡམས་བཞག་ཡོད་རུང་ ཚུལ་མིན་ཐོག་ ནང་སྐྱོད་འབད་མི་དང་ ཁྲིམས་འགལ་འབད་མི་ཚུ་ ཐོན་བཞིན་དུ་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༤ ལུ་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ དྲན་བསྐུལ་འབད་མི་དང་འཁྲིལཝ་ད་  མི་སེར་ཡོངས་དང་ ས་གནས་ནང་ སྡོད་མི་ཚུ་གིས་ བཀག་དམ་གྱི་ ཐབས་ལམ་དང་ ཁྲིམས་ལུགས་ཚུ་ལུ་ ཆ་གནས་འབད་དགོཔ་ཨིན་རུང་ མི་ལ་ལོ་གིས་ ཚུལ་མིན་ཐོག་ རྒྱལ་སྤྱིའི་ས་མཚམས་ཐདམ་ཐད་ཁར་ལས་ ཕྱིའི་ལས་མི་ཚུ་ ནང་སྐྱོད་འབདཝ་མས་ཟེར་ཨིན་པས།
དེ་མ་ཚད་ ས་མཚམས་ཁར་ སྡོད་མི་ཚུ་གིས་ ས་མཚམས་འཛུལ་སྒོ་ཚུ་ སྒོ་བསྡམས་མི་ལུ་ གོ་སྐབས་ལེན་ཐོག་ལས་ ནག་ཚོང་འཐབ་ནི་གི་ དཔའ་བཅམ་མི་ཡང་ ཐོནམ་ཨིན་པས།
བསམ་གྲུབ་ལྗོངས་མཁར།
བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་གིས་ འདས་པའི་ཉིནམ་༢ ནང་ ཏམ་ཁུའི་ཐོན་སྐྱེད་ནག་ཚོང་དང་ སྐྱེལ་འདྲེན་ལུ་བརྟེན་ ཨམ་སྲུ་༤ བརྩིས་ཏེ་ མི་༡༢ འཛིན་བཟུང་འབད་ནུག།
དེ་ཡང་ སྤྱི་ཟླ ༤ པའི་ཚེས་༣ གྱི་ ཕྱི་རུ་ཆུ་ཚོད་ཕྱེད་དང་༧ དེ་ཅིག་ཁར་ སྣུམ་འཁོར་ཇམ་བོ་ཊཱག་གི་ དེད་གཡོགཔ་ཅིག་ བསམ་གྲུབ་ལྗོངས་མཁར་གྱི་ ཚོང་པ་ཅིག་གི་ ཚོང་ཆས་ཚུ་ འབག་འོངམ་ད་ ཏམ་ཁུའི་ཐོན་སྐྱེད་ཚུ་ཡང་ འབག་འོང་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ བདའ་ཟུན་ཏེ་ དེད་གཡོགཔ་དེ་ འཛིན་བཟུང་འབད་བའི་ཁར་ ཁོ་ལས་ ཏམ་ཁུ་བ་བཱ་ཤོག་སྒམ་༤༠ དང་ བི་རི་ཤོག་སྒམ་༢ དེ་ལས་ ཏམ་ཁུ་སི་ག་རེཌ་ཤོག་སྒམ་༡ བཙན་བཟུང་འབད་ནུག།
ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཆ་རོགས་༣ གྱིས་ འབག་ཤོག་ཟེར་སླབ་མི་ལུ་བརྟེན་ འབག་འོང་ཡོདཔ་ལས་ ཆ་རོགས་༣ ཡང་ འཛིན་བཟུང་འབད་ཡོདཔ་ད་ དེད་གཡོགཔ་དེ་ ཏམ་ཁུ་ཉོ་བའི་སྐབས་ རྒྱ་གར་གྱི་ མི་ཚུ་དང་ འབྲེལ་བ་འཐབ་ཡོདཔ་ལས་ ནད་ཡམས་COVID-19 གི་དོགས་པ་ལུ་བརྟེན་ ཟུར་བཞག་ནད་བརྟག་ཁང་ནང་ བཞག་ཡོདཔ་ཨིན་པས།
ད་རུང་ དེ་ཚེ་ཕྱི་རུའི་ ཆུ་ཚོད་ཕྱེད་དང་༨ དེ་ཅིག་ཁར་ ཨམ་སྲུ་༢ དང་ ཕོ་སྐྱེས་༡ འཛིན་བཟུང་འབད་མི་དེ་ཡང་ རྒྱ་གར་ལས་ ཚོད་བསྲེའི་རིགས་ ནང་འདྲེན་དང་གཅིག་ཁར་ ཏམ་ཁུའི་ཐོན་སྐྱེད་འབག་འོང་ནི་དེ་གིས་ཨིནམ་ད་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚོད་བསྲེའི་རིགས་ སྣུམ་འཁོར་ནང་ལས་ བཏོན་པའི་སྐབས་ ཁྲིམས་སྲུང་འགག་པ་གིས་ མཐོང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཏམ་ཁུ་སི་ག་རེཌ་ཤོག་སྒམ་༣༠ དང་ བ་བཱ་ཤོག་སྒམ་༦༠ བཙན་བཟུང་འབད་ཡོདཔ་ད་ དོགས་པ་ཅན་༣ དེ་ འགག་སྡེའི་དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དེ་ཚེ་ནུབ་མོའི་ ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ཁར་ བཀྲིས་སྤོག་ཏོ་ལས་སྦེ་ གསང་ལམ་བདའ་སྟེ་ རྒྱ་གར་ལུ་འགྱོ་ནིའི་ དཔའ་བཅམ་མི་ ཕོ་སྐྱེས་༣ འཛིན་བཟུང་འབད་ཡོདཔ་ད་ དོགས་ཅན་༣ གྱིས་ ཉིནམ་དག་པ་ཅིག་གི་ཧེ་མར་ རྒྱ་གར་གྱི་ ས་ཁོངས་ཚུ་ནང་ སོང་ཡོདཔ་ལས་ ད་ལྟོ་ ཟུར་བཞག་ནད་བརྟག་ཁང་ནང་ བཞག་ཡོདཔ་ཨིན་པས།
དོགས་པ་ཅན་༣ དེ་ ཟུར་བཞག་གི་ དུས་ཡུན་ཉིན་གྲངས་༢༡ ཚང་ཞིནམ་ལས་ ཁྲིམས་ཀྱི་འདུན་སར་ ཉེས་བཤེར་གྱི་དོན་ལུ་ ཉེས་བཙུགས་འབད་འོང་ཟེར་ཨིན་པས།
དེ་གི་ཧེ་མར་ སྤྱི་ཟླ་༤ པའི་ཚེས་༢ ལུ་ ནུབ་མོ་སྐོར་སྲུང་འབད་མི་ ཁྲིམས་སྲུང་འགག་སྡེའི་ སྡེ་ཚན་གྱིས་ ས་མཚམས་ཕྱི་ཁ་ལས་ བཀོག་བཏང་མི་ ཏམ་ཁུའི་ཐོན་སྐྱེད་དེ་ ཨམ་སྲུ་༢ ཀྱིས་ འཐུ་འབག་སར་ མཐོང་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ད་ ཁོང་༢ ཀྱིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ རྒྱ་གར་གྱི་ མི་ཅིག་ལུ་ ས་མཚམས་ཕྱི་ཁ་ལས་ ནང་ན་བཀོག་བཏང་ཟེར་ སླབ་ཡོདཔ་ཨིན་པས།
ཨམ་སྲུ་༢ ལས་ བཙན་བཟུང་འབད་མི་ ཏམ་ཁུའི་ཤོག་སྒམ་༢༥ དེ་ ཆུ་ཤོག་གནགཔོ་ཅིག་ནང་ བསྡམས་ཡོདཔ་ཨིན་པས།
ད་རུང་ སྤྱི་ཟླ་༤ པའི་ཚེས་༤ གི་ནུབ་མོར་ ཆུ་ཚོད་ཕྱེད་དང་༡༠ དེ་ཅིག་ཁར་ ས་མཚམས་ཕྱི་ཁ་ལས་ བཀོག་བཏང་མི་ སྨྱོ་རྫས་ཨེསི་པི་པ་ལཱསི་ སྨན་ཐུམ་༢༨༠ བཙན་བཟུང་འབད་ཡོདཔ་ད་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ དོགས་ཅན་ཚུ་ འཛིན་བཟུང་འབད་མ་ཚུགས་རུང་ ས་མཚམས་ཕྱི་ཁ་ལས་ བཀོག་བཏང་སར་ བལྟ་བ་ཅིན་ ཁྲོམ་ཁར་སྡོད་མི་ཚུ་གིས་ར་ སླབ་ཡོད་པའི་ དོགས་པ་ཡོདཔ་ལས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་འདུག།
དགེ་ལེགས་ཕུག།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ དགེ་ལེགས་ཕུག་དང་ གསར་སྤང་གཞུང་ལམ་ལས་ ཀི་ལོ་མི་ཊར་ཕྱེད་དེ་ཅིག་ཁར་ཡོད་མི་ རྒྱ་གར་ཨ་སམ་མངའ་སྡེའི་གཡུས་ཚན་ ཏོ་ཀུ་ར་ལུ་སོང་མི་ འབྲུག་མི་༧ འཛིན་བཟུང་འབད་ནུག།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ ཁྲིམས་སྲུང་འགག་པ་དང་ ལྟ་རྟོག་པ་ཚུ་གིས་ ཨམ་སྲུ་༢ ཏོ་ཀུ་ར་གཡུས་ཚན་ལས་ དགེ་ལེགས་ཕུག་ལུ་ ལོག་འོངམ་ད་ ཏམ་ཁུའི་ཐོན་སྐྱེད་དང་སྦྲགས་ འཛིན་བཟུང་འབད་ཡོདཔ་ད་ དེ་གི་ནངས་པར་ འབྲུག་པའི་ཕོ་སྐྱེས་༡ ཏོ་ཀུ་ར་ལས་འོངམ་ད་ འཛིན་བཟུང་འབད་ནུག།
ད་རུང་ སྤྱི་ཟླ་༤ པའི་ཚེས་༣ ལུ་ ཏམ་ཁུའི་ཐོན་སྐྱེད་འབག་འོང་ནི་གི་ དཔའ་བཅམ་མི་ ཨམ་སྲུ་༢ དང་ ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ འཛིན་བཟུང་འབད་མི་ག་ར་ ས་མཚམས་ཕྱི་ཁའི་ མི་ཚུ་དང་་འབྲེལ་བ་འཐབ་ཡོདཔ་ལས་ ཟུར་བཞག་ཁང་ནང་ བཞག་ཡོད་ཟེར་ཨིནམ་ད་ ཚུལ་མིན་གྱི་སྒོ་ལས་ ཏམ་ཁུའི་ཐོན་སྐྱེད་འཆང་མི་༦ པོ་དེ་ ཟུར་བཞག་དུས་ཡུན་ཉིན་གྲངས་༢༡ ཚང་པའི་ཤུལ་ལས་ ཏམ་ཁུའི་བཅའ་ཁྲིམས་དང་འཁྲིལ་ ཁྲིམས་བཤེར་འབད་འོང་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ གསར་སྤང་གི་ ཁྲིམས་སྲུང་འགག་པ་གིས་ སར་པ་རི་ལས་ ལོག་འོང་མི་ འབྲུག་མི་༡ འཛིན་བཟུང་འབད་བའི་ཤུལ་ལས་ ཟུར་བཞག་ཁང་ནང་ བཞག་ཡོདཔ་ཨིན་པས།
དགེ་ལེགས་ཕུག་དང་ དཱད་ག་རི་འགེགས་སྲུང་སྒོ་ར་ སྒོ་བསྡམས་ཞིནམ་ལས་ཚུར་ གསར་སྤང་ལུ་ ནང་འཛུལ་ས་ཁོངས་ག་རའི་ནང་ སྲུང་སྐྱོབ་དམག་མི་དང་ ལྟ་རྟོག་སྡེ་ཚན་ཚུ་ བཙུགས་ཡོདཔ་ཨིན་རུང་ ས་མཚམས་སྒོ་ཡངས་དྲགས་སྦེ་ཡོད་ནི་དེ་གིས་ ས་མཚམས་ཕྱི་ཁའི་མི་ཚུ་གི་ རྒྱུན་འགྲུལ་བཀག་འཛིན་འབད་ནི་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།
རྒྱལ་སྤྱིའི་ས་མཚམས་སྒོ་བསྡམས་པའི་གསལ་བསྒྲགས་དང་འཁྲིལ་ བཀག་ཆ་འབད་དེ་ཡོད་མི་ ཁྲིམས་ཚུ་ལུ་ འགལ་བ་འབད་བ་ཅིན་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ དམ་དམ་བཀལ་ནི་དང་ ཁྲིམས་འགལ་པ་ཚུ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་ འབྲུག་གི་ཕྱི་མི་ནང་སྐྱོད་ཀྱི་བཅའ་ཁྲིམས་ནང་ འབྲེལ་བ་ཡོད་པའི་དགོངས་དོན་ཚུ་དང་འཁྲིལ་ ཁྲིམས་ཀྱི་འདུན་སར་ ཉེས་བཤེར་བཙུགས་ནི་ཟེར་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ ཉེན་བརྡ་འབདཝ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག་དང་ རིག་འཛིན་དབང་ཕྱུག།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *