ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ རྒྱ་འབྲུག་༢ ཀྱི་བར་ན་ ལོ་ངོ་༥༠ འཁོར་བའི་ མཐུན་ལམ་དུས་སྟོན་ བརྩི་སྲུང་འབད་ནིའི་དོན་ལུ་ ཐིམ་ཕུག་ལུ་སྦེ་ ལས་རྟགས་འགོ་འབྱེད་ འབད་བའི་བསྒང་།

རྒྱ་འབྲུག་༢ ཀྱི་བར་ན་ ལོ་ངོ་༥༠ འཁོར་བའི་ མཐུན་ལམ་དུས་སྟོན་ བརྩི་སྲུང་འབད་ནིའི་དོན་ལུ་ ལས་རྟགས་འགོ་འབྱེད།

༉ འབྲུག་དང་ རྒྱ་གར་གྱི་བར་ན་ གཞུང་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ནིའི་དོན་ལུ་ དམིགས་བསལ་ལས་རྟགས་ བཟོ་མི་དེ་ ཁ་ཙ་ འགོ་འབྱེད་འབད་ཡི།
ལས་རྟགས་དེ་ཡང་ འབྲུག་གི་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཤྲི་མ་ཏི་ སཱུསི་མ་ ས་རཱཇ་
གིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ འགོ་འབྱེད་འབད་ཡི།
བློན་པོ་དམ་ཆོས་རྡོ་རྗེ་གིས་ རྒྱལ་ཁབ་༢ ཀྱི་བར་ནའི་ མཐུན་ལམ་དེ་ རྒྱལ་རབས་ཅན་དང་ རྒྱལ་ཁབ་ཀྱི་དབུ་ཁྲིད་བཟང་པོ་ཚུ་གི་ བཀའ་དྲིན་ལུ་བརྟེན་ཨིན་ཟེར་ བཤད་ཅི།
རྒྱལ་ཁབ་༢ ཀྱི་ མཐུན་ལམ་འགོ་དང་པ་དེ་ སྤྱི་ལོ་༡༩༦༨ ཟླ་༡ པའི་ཚེས་༨ ལུ་ གཞི་བཙུགས་འབད་ཡོད་རུང་ མཐུན་ལམ་རྒྱལ་རབས་དེ་ ཧེ་མ་ལས་འདུག་ཟེར་ཨིན་པས།
རྒྱལ་ཁབ་༢ ཀྱིས་ གདོང་ལེན་ཚུ་ མཉམ་འབྲེལ་ཐོག་ལས་འབད་ནི་དང་ གོ་སྐབས་ཡོད་མི་ཚུ་ གཅིག་མཐུན་ཐོག་ལས་ སྤྱོད་ནི་ཨིན་རུང་ དུས་ཅི་གི་ དུས་སྟོན་དེ་ གཙོ་བོ་ར་ རྒྱལ་སྤྱི་ནང་ རྒྱ་འབྲུག་༢ ཀྱིས་ མཐུན་ལམ་དམ་ཟབ་ཐོག་ལས་ གོང་འཕེལ་དང་གཅིག་མཐུན་ཚུ་ ག་དེ་སྦེ་ ཡར་དྲག་བཏང་ཡོདཔ་ཨིན་ན་ཚུ་ གསལ་སྟོན་འབད་ནིའི་ གོ་སྐབས་ཅི་ཨིན་ཟེར་ ཨིན་པས།
རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཤྲི་མ་ཏི་ སཱུསི་མ་ ས་རཱཇ་གིས་ བཤད་མིའི་ནང་ རྒྱལ་ཁབ་༢ ཀྱི་མཐུན་ལམ་དེ་ གཙོ་རིམ་དང་ཁྱད་ཆོས་ལུ་ གཞི་བཞག་སྟེ་ཨིན་པའི་ཁར་ རྒྱ་གར་གྱི་དབུ་ཁྲིད་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཐུན་ལམ་གྱི་ གཞི་འགྱམ་ཚུ་ སྒྲིང་སྒྲི་སྦེ་ གཞི་བཙུགས་གནང་ཡོད་པའི་ དྲན་ཚོར་འབདཝ་ཨིན་ཟེར་ ཨིན་པས།
རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ བྷ་རཏ་དེ་ འབྲུག་གི་དོན་ལུ་དང་ འབྲུག་འདི་ བྷ་རཏ་གི་དོན་ལུ་ཨིན་ཟེར་ གསུངས་དོ་བཟུམ་སྦེ་ མོ་གིས་ཡང་ སླབ་ཡོདཔ་ད་ དུས་ཅི་ལོ་༡ གི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ དུས་སྟོན་དེ་གིས་ རྒྱལ་ཁབ་༢ ཀྱི་མི་སེར་དང་ གཞུང་གི་བར་ན་ དོན་སྨིན་ཅན་འོང་ཟེར་ བཤད་ཅི།
དུས་སྟོན་སྐབས་ འགྲེམས་སྟོན་དང་ ཚོང་འབྲེལ་གྲོས་འཛོམས་ དེ་ལས་ ལས་འགུལ་སྦོམ་ཚུ་གི་ འགོ་འབྱེད་རྟེན་འབྲེལ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ ཇའི་དིབ་ སར་ཀར་གྱིས་ སླབ་མིའི་ནང་ ལས་རྟགས་འགོ་འབྱེད་འབད་མི་དེ་གིས་ དུས་སྟོན་བརྩི་སྲུང་ འགོ་བཙུགས་པའི་ རྟགས་མཚན་སྟོནམ་ཨིན་ཟེར་ཨིནམ་ད་ དུས་ཅི་ འབྲུག་དང་ རྒྱ་གར་ལུ་ མཉམ་འབྲེལ་ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་ནི་ཨིན་མིའི་གྲས་ལས་ སྣུམ་འཁོར་རྒྱུག་འགྲན་དང་ ཨ་སམ་གྱི་བདུན་ཕྲག་ཟེར་ སྤྱི་ཟླ་༣ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
ལས་རིམ་གྱི་ཁ་གསལ་ཚུ་ ད་ལྟོ་ བཟོ་མ་ཚར་བར་ཡོད་རུང་ དུས་སྟོན་དེ་གིས་ རྒྱལ་ཁབ་༢ ཀྱི་ མི་སེར་ཚུ་ལུ་ དུས་སྟོན་དེ་ ག་དེམ་ཅིག་ གལ་ཆེཝ་ཨིན་ནའི་ དྲན་ཚོར་འབད་བཅུག་ནིའི་ དམིགས་དོན་ཡོད་པའི་ཁར་ ལས་རིམ་ཚུ་ནང་ མི་ག་དེ་མང་མང་གིས་ བཅའ་མར་གཏོགས་བཅུག་ནིའི་ དམིགས་གཏད་ཡོདཔ་ཨིན་པས།
བློན་པོ་དམ་ཆོས་རྡོ་རྗེ་གིས་ རྒྱ་འབྲུག་གི་མཐུན་ལམ་དེ་ སྤྱི་ལོ་༡༦༠༠ དེ་ཅིག་ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ སྐབས་ལས་ར་ རྒྱ་གར་གྱི་མངའ་སྡེ་ ཀཱཤ་མིར་ལ་སོགས་པ་ཚུ་དང་གཅིག་ཁར་ མཐུན་ལམ་ཡོད་པའི་ཁར་ ཨ་སམ་དང་ བང་ལ་དེཤ་ཚུ་དང་གཅིག་ཁར་ཡང་ མཐུན་ལམ་ཡོད་པའི་ ལོ་རྒྱུས་འདུག་ཟེར་ བཤད་ཅི།
དེ་བསྒང་ ཀཱཤ་མིར་གྱི་ མི་ཚུ་གིས་ ཞབས་དྲུང་ལུ་ ཕྱག་མཇལ་སྦེ་ དྲི་བཟང་ཕུལ་ཡོདཔ་ལས་ ད་རེས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྐབས་ དྲི་བཟང་དྲང་སྲོལ་ཡོད་མི་དེ་ཡང་ དེ་ལུ་བརྟེན་ཨིན་མས་ཟེར་ བློན་པོ་གིས་ བཤད་པའི་ཁར་ འབྲུག་རྒྱལ་དང་པ་ ཨོ་རྒྱན་དབང་ཕྱུག་གིས་ བི་རི་ཊིཤ་གཞུང་གི་སྐབས་ལུ་ཡང་ རྒྱ་གར་གྱི་ མངའ་སྡེ་ཚུ་དང་གཅིག་ཁར་ མཐུན་ལམ་དམ་ཟབ་ བཟོ་གནང་ནུག་ཟེར་ཨིན་པས།
ལས་རྟགས་ཀྱི་ འགོ་འབྱེད་སྐབས་ གཞུང་གི་དཔོན་ཁག་དང་ རྒྱ་གར་གཞུང་ཚབ་ཡིག་ཚང་གི་ ངོ་ཚབ་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གནས་ཚུལ་མདོར་བསྡུས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་དང་འབྲེལ་ བཀྲིས་སྒང་བཀང་ལུང་གི་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ནང་སྦེ་ བདེ་ཆེན་རབ་རྒྱལ་གྱིས་ ན་གཞོན་དང་འབྲེལ་བའི་ འབྲེལ་འཛིན་ཟེར་ དཔེ་དེབ་ཅིག་ བྲིས་མི་དེ་ གསར་བཏོན་འབད་བའི་བསྒང་།

Leave a Reply

Your email address will not be published. Required fields are marked *