ཆུ་ཤོག་ཁྱིམ་ནང་ འཛུགས་སྐྱོང་འབད་མི་ ཚལ་ལུའི་ལྕངམ།

རྒྱ་ཆེ་ཕུག་ལུང་ཕྱོགས་སོན་ལྟེ་བ་གིས་ ཚལ་ལུའི་ལྕངམ་དང་ གེ་ཟ་འཛུགས་སྐྱོང་འབད་དོ་ཡོདཔ།

༉ རྒྱལ་ཁབ་ནང་ ཚལ་ལུ་ཤིང་ཚུ་ལུ་ ནད་གཞི་ཕོག་མི་ལུ་བརྟེན་ ནད་གཞི་མེད་པའི་ལྕངམ་ བཀྲམ་སྤེལ་འབད་ཐབས་ལུ་ བཀྲིས་གཡང་རྩེ་རྫོང་ཁག་ རྒྱ་ཆེ་ཕུག་ལུ་ཡོད་པའི་ ལུང་ཕྱོགས་སོན་ལྟེ་བ་གིས་ དུས་ཅི་ ཚལ་ལུའི་ལྕངམ་༢༥,༠༠༠ དེ་ཅིག་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ལུང་ཕྱོགས་འཛིན་སྐྱོང་པ་ བློ་བཟང་ཚེ་རིང་ཊི་གིས་ སླབ་མིའི་ནང་ མི་སེར་སོ་ནམ་ཚུ་ལུ་ ནད་གཞི་མེད་པའི་ལྕངམ་ཚུ་ བཀྲམ་སྤེལ་འབད་ཐབས་ལུ་ ལུང་ཕྱོགས་ཡིག་ཚང་གིས་ བཀྲ་ཤིས་གཡང་རྩེ་ལུ་ སྤྱི་ལོ་༢༠༡༧ ལས་ སོན་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབུབ་དེ་ ས་དྲོད་ཡོད་ས་ལུ་ མགྱོགས་སུ་སྦེ་ བཏགས་ཚུགས་པའི་ནུས་པ་དང་ ས་དྲོད་ཡོད་སར་ སྡོད་ཚུགས་དོ་ཡོདཔ་ད་ ས་མཐོ་ས་ལུ་ དེ་ཅིག་ར་ སྡོད་ཚུགས་པའི་ནུས་པ་མེདཔ་ལས་ བཀྲིས་གཡང་རྩེ་ལུ་ འཛུགས་སྐྱོང་འབད་དོ་ཟེར་ཨིན་པས།
ཚལ་ལུ་ཤིང་དེ་ རྒྱ་མཚོའི་མཐའ་མ་ལས་ མི་ཊར་༡༠༠༠ ལས་༡༢༠༠ བར་ན་ སྐྱེ་བཏུབ་དོ་ཡོད་པའི་ཁར་ ནད་གཞི་དེ་ ལྷོ་ཕྱོགས་ཀྱི་ས་གནས་དང་ ས་དྲོད་ཡོད་ས་ལུ་ འོང་དོ་ཡོདཔ་ཨིན་པས།
འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ན་ཧིང་ ཚལ་ལུ་ཤིང་གི་ལྕངམ་༡༠༠,༠༠༠ བཀྲམ་སྤེལ་འབད་ནིའི་ དམིགས་གཏད་བསྐྱེད་ཡོད་རུང་ ས་མཐོ་སར་འབད་ནི་དེ་གིས་ དེ་ཅིག་ར་ སྐྱེ་མ་བཏུབ་ལས་ ལྕངམ་༢༥,༠༠༠ ལས་བརྒལ་ བཀྲམ་སྤེལ་འབད་མ་ཚུགས་ཟེར་ཨིནམ་ད་ སོ་ནམ་པ་ཚུ་ལས་ མཁོ་མངགས་འབད་མི་ ལེ་ཤ་ཐོན་དོ་ཟེར་ཨིན་པས།
ལྟེ་བ་ནང་ ལཱ་འབད་མི་ཅིག་གིས་ སླབ་མིའི་ནང་ ས་མཐོ་སར་འབད་ནི་དེ་གིས་ མགྱོགས་སུ་སྦེ་ སྐྱེ་མི་བཏུབ་པས་ཟེར་ཨིནམ་ད་ ལྕངམ་རེ་ལུ་ དངུལ་ཀྲམ་༣༥ རེ་སྦེ་ བཙོང་དོ་ཟེར་ཨིན་པས།
ལྕངམ་མཁོ་མངགས་འབད་མི་ ལེ་ཤ་ཡོདཔ་ལས་ རེ་འདོད་འགྲུབ་ཐབས་ལུ་ ཚལ་ལུ་ཤིང་འཛུགས་སྐྱོང་གི་དོན་ལུ་ ཆུ་ཤོག་གི་ཁྱིམ་རྐྱབ་ཡོདཔ་ད་ ཁྱིམ་དེ་རྒྱལ་ཁབ་གཞན་ཁར་བཟུམ་སྦེ་ར་ སྤུས་ཚད་དང་ལྡནམ་སྦེ་ཡོདཔ་ཨིན་པས།
སོ་ནམ་གྱི་ལྟ་རྟོག་པ་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ ལས་འགུལ་དེ་ སྤྱི་ཟླ་༦ པ་ནང་ མཇུག་བསྡུ་ཚུགས་པ་ཅིན་ ལྟེ་བ་གིས་ ཚལ་ལུའི་ལྕངམ་༧༥,༠༠༠ དེ་ཅིག་ འཛུགས་སྐྱོང་འབད་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ལས་འགུལ་དེ་ དངུལ་ཀྲམ་ས་ཡ་༢ ལྷགཔ་ཅིག་གི་ཐོག་ལས་ བཟོ་སྐྲུན་འབད་དོ་ཡོདཔ་ད་ དེ་བསྒྲུབ་པའི་བསྒང་ལས་ ཚལ་ལུའི་ལྕངམ་ཚུ་ཡང་ ལེ་ཤ་འཛུགས་སྐྱོང་འབད་ཚུགས་ནི་ཨིན་པས།
འཛིན་སྐྱོང་པ་གིས་ བཤད་མིའི་ནང་ ལྟེ་བ་གིས་ སོན་མཐུད་སྦྱོར་འབད་ནི་དེ་ ན་ཧིང་ཚུན་ བཀག་བཞག་ཡི་ཟེར་ཨིནམ་ད་ དུས་ཅི་ལས་ སོན་མཐུད་སྦྱོར་གྱི་ཤིང་ དགེ་ལེགས་ཕུག་ལས་ཉོ་ཞིནམ་ལས་ ལཱ་འགོ་བཙུགས་འོང་ཟེར་ཨིན་པས།
རྣམ་རྒྱལ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྟེ་བ་གིས་ ཚལ་ལུའི་ལྕངམ་རྐྱངམ་གཅིག་མེན་པར་ གེ་ཟ་དང་ གཞན་ཚོད་བསྲེའི་སོན་ཚུ་ འཛུགས་སྐྱོང་འབད་དེ་ སོན་ཚུ་བཀྲམ་སྤེལ་འབད་དོ་ཟེར་ཨིནམ་ད་ ལྟེ་བ་གི་ལཱ་ངོ་མ་ར་ གེ་ཟ་སོན་བཀྲམ་སྤེལ་འབད་ནི་དེ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚལ་ལུའི་ལྕངམ་ མཁོ་མངགས་འབད་དོ་བཟུམ་སྦེ་ར་ གེ་ཟ་ཡང་ མཁོ་མངགས་འབད་མི་འོངམ་མས་ཟེར་ཨིནམ་ད་ ལྟེ་བ་གིས་ གེ་ཟ་མེ་ཊིག་ཊཱོན་༢༤ དེ་ཅིག་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།
ལྟེ་བ་དང་འཁྲིལ་བ་ཅིན་ ལྟེ་བ་གིས་ གེ་ཟ་མེ་ཊིག་ཊཱོན་༧ དང་༨ ཀྱི་བར་ན་ ཐོན་སྐྱེད་འབད་ཚུགས་རུང་ མི་སེར་ཚུ་ལས་ ལོ་བསྟར་བཞིན་དུ་ མེ་ཊིག་ཊཱོན་༨༠ རེ་ མཁོ་མངགས་འབད་ནི་འདུག་ཟེར་ཨིནམ་ད་ གེ་ཟའི་སོན་དེ་ཡང་ གཡང་རྩི་པ་དང་ ཤ་ཕང་མ་ཟེར་མི་དེ་ འཛུགས་སྐྱོང་འབད་དོ་ཟེར་ཨིན་པས།
འཛིན་སྐྱོང་པ་གིས་ སླབ་མིའི་ནང་ མཁོ་མངགས་འབད་མི་ ཡར་སེང་འགྱོ་མི་ལུ་བརྟེན་ ལྟེ་བ་གིས་ མོང་སྒར་དང་ བཀྲིས་སྒང་གི་ སོ་ནམ་པ་སྡེ་ཚན་ཚུ་ལུ་ སྦྱོང་བརྡར་བྱིན་ཏེ་ སོན་ཚུ་བསྡུ་ལེན་འབད་ཞིནམ་ལས་ ལོག་བཙོང་དོ་ཟེར་ཨིན་པས།
ལྟེ་བ་ལུ་ ལས་མི་མ་ལང་པའི་ གདོང་ལེན་ཡོད་ཟེར་ཨིནམ་ད་ མི་ཚུ་གིས་ གཞུང་གི་ལམ་ལུགས་དང་འཁྲིལ་ ཉིན་བསྟར་བཞིན་དུ་ གླ་ཆ་དངུལ་ཀྲམ་༢༡༥ རེ་བྱིནམ་ད་ ལཱ་འབད་བར་འོང་མི་བཏུབ་པས་ཟེར་ཨིནམ་ད་ གྲོང་གསེབ་ནང་ ལས་མི་ཚུ་ལུ་དངུལ་ཀྲམ་༥༠༠ ལྷགཔ་ཅིག་ སླབ་མས་ཟེར་ཨིན་པས།
ལྟེ་བ་གིས་ ས་ཆ་ཨེ་ཀར་༣༥ ནང་ ཚལ་ལུ་གིས་མ་ཚད་པར་ ཀེ་བ་དང་ ལ་ཕུག་ སྲནམ་ཅུམ་ བོད་སྲནམ་ དེ་ལས་ ཤིང་འབྲས་ཀྱི་རིགས་ཚུ་ འཛུགས་སྐྱོང་འབད་དེ་ སོན་ཚུ་ བཀྲམ་སྤེལ་འབད་དོ་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ གནས་བརྟན་རྡོ་རྗེ།

 

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *