བླམ་འཇིགས་མེད་ཆོས་རྒྱལ།

རྒྱ་གར་ཨ་སམ་གུ་ཧ་ཊི་ལུ་ འབྲུག་པའི་ལྷ་ཁང་གི་ བླམ་བསྐོ་བཞག།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་རབ་སྡེའི་ བླམ་གནས་བརྟན་ སངས་རྒྱས་ཚེ་རིང་གིས་ སྐྱེས་ལོ་༣༡ ལང་མི་ འཇིགས་མེད་ཆོས་རྒྱལ་དེ་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་གུ་ཧ་ཊི་གི་ འབྲུག་པའི་ལྷ་ཁང་གི་ བླམ་གསརཔ་སྦེ་ བསྐོ་བཞག་ཐོག་ ལེགས་དར་གནང་ཡི།
བླམ་གནས་བརྟན་ སངས་རྒྱས་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ བླམ་བསྐོ་བཞག་འབད་དགོ་པའི་ དམིགས་ཡུལ་དེ་ཡང་ ལྷ་ཁང་གི་ སྦྱིན་བདག་དེ་ ཚེ་ལས་འདས་པའི་ཤུལ་ལ་ ཨ་ལོ་ཚུ་གིས་ མི་དབང་མངའ་ཞབས་མཆོག་ལུ་ ཕུལ་ཡོདཔ་བཞིན་དུ་ དགོན་པ་དེ་ བསམ་གྲུབ་ལྗོངས་མཁར་གྲྭ་ཚང་གིས་ བདག་འཛིན་འཐབ་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ཨིན་ཟེར་ཨིན་པས།
བླམ་གནས་བརྟན་གྱིས་ བཤད་མིའི་ནང་ རབ་སྡེ་གིས་ གྲྭ་ཚང་ལྷན་ཚོགས་ལུ་ བླམ་ཅིག་དགོ་པའི་སྐོར་ལས་ ཞུ་བ་འབད་མི་དང་བསྟུན་ ལྷན་ཚོགས་ཀྱིས་ ཆ་འཇོག་གནང་མི་ལུ་བརྟེན་ བསྐོ་བཞག་འབད་ཡི་ཟེར་ཨིནམ་ད་ ད་རེས་ གུ་ཧ་ཊི་བླམ་གི་ གོ་གནས་གསར་བསྐོ་འབད་མི་དེ་ འགོ་དང་པ་ཨིནམ་ལས་ ནང་པའི་ཆོས་ཀྱི་ཐོག་ལས་ མི་སེར་ཚུ་དང་ རྒྱལ་ཁབ་ཀྱི་བར་ན་ མཐུན་ལམ་བཟོ་ནི་དང་ ལྷག་པར་དུ་ སངས་རྒྱས་ཀྱི་བསྟན་པ་ གོང་འཕེལ་གཏང་ནི་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
བླམ་གནས་བརྟན་གྱིས་འབད་བ་ཅིན་ ད་རེས་ ལྷ་ཁང་གི་ ས་ཁྲམ་སྐོར་ལས་ གུ་ཧ་ཊིའི་གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ གནད་དོན་དེ་ སེལ་ཐབས་འབད་བའི་ཤུལ་ལས་ དགེ་སློང་ཞལ་གྲངས་༢༥ དེ་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
བླམ་འཇིགས་མེད་ཆོས་རྒྱལ་གྱིས་ སྤྱི་ལོ་༢༠༠༢ ལུ་ མོང་སྒར་སྐྱིད་བདེ་མཁར་བཤད་གྲྭ་ནང་ འཛུལ་ཞུགས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༨ ཚུན་ རང་ལུགས་དཔལ་ལྡན་འབྲུག་པའི་ འབྲིང་རིམ་སློབ་གྲྭའི་ མཐའ་བྲལ་སྨྲ་བའི་དབང་ཕྱུག་ དབུ་མ་གོང་མའི་ཤེས་ཡོན་ མཐར་འཁྱོལ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལས་༢༠༡༣ ཚུན་ ཐིམ་ཕུག་རྟ་མགོ་ནང་པའི་མཐོ་རིམ་བཤད་གྲྭ་ནང་ སྡེ་སྣོད་སྨྲ་བའི་དབང་ཕྱུག་ བསྟན་བཅོས་མཁན་གྱི་ཤེས་ཡོན་ཚུ་ སྦྱངས་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༣ ལས་༢༠༡༥ ཚུན་ ལྕགས་རི་སྒྲུབ་སྡེ་ནང་ ཕྱི་མཚམས་ཀྱི་སྒོམ་རིམ་ཚུ་ རིམ་པ་བཞིན་དུ་ གནང་པའི་ཤུལ་ལས་ སྤྱི་ལོ་༢༠༡༥ ལས་༢༠༡༩ ཚུན་ སྒོམ་པ་ནཱ་རོ་ཆོས་དྲུག་ སྤྱོད་པ་རོ་སྙོམས་སྐོར་དྲུག་ ལྟ་བ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ ལོ་གསུམ་ཕྱོགས་གསུམ་ གནང་ཡོདཔ་ཨིན་་པས།
བླམ་བསྐོ་བཞག་སྐབས་ བསམ་གྲུབ་ལྗོངས་མཁར་རྫོང་བདག་དང་ དྲང་དཔོན་ ལུང་ཕྱོགས་ཡིག་ཚང་ཁག་གི་འགོ་དཔོན་ དེ་ལས་ གུ་ཧ་ཊི་ལུ་ འབྲུག་གི་དོན་གཅོད་ཡིག་ཚང་གི་ འགོ་དཔོན་དང་ དེ་ཁར་དཔེ་ཆ་ལྟ་མི་ འབྲུག་པའི་སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། པདྨ་དགའ་ཚལ།

 

About admin

Check Also

ཌེང་གི་ནད་གཞི་ སྔོན་འགོག་འབད་ནིའི་དོན་ལུ་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ།

༉ འདས་པའི་བདུན་ཕྲག་ནང་ བཀྲིས་གཡང་རྩེ་ དོག་གསུམ་ལུ་ ཌེང་གི་ཟེར་མི་ ཚ་བ་དྲོད་འབར་གྱི་ནད་གཞི་ཐོན་པའི་ སྙན་ཞུ་འགོ་དང་པ་ འབད་ཞིནམ་ལས་ ད་རེས་འབདཝ་ད་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཁ་ཐུག་ལུ་ ཉེན་ཁ་ཅན་གྱི་ཐོག་ལས་ ཁྱབ་སྤེལ་སོང་ནུག། ཕུན་ཚོགས་གླིང་སྨན་ཁང་ནང་ གཟུགས་དྲོད་འབར་རྐྱབ་སྟེ་ ཌེང་གི་ནད་གཞི་ཐོབ་མི་ …

Leave a Reply

Your email address will not be published. Required fields are marked *