རྒྱ་གར་གྱིས་ ཅ་ཁྲལ་ལོག་སྤྲོད་ནིའི་དོན་ལུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ལོ་༢༠༡༧ ལུ་ འབྲུག་མི་ཚུ་གིས་ ཅ་ཁྲལ་དངུལ་ཀྲམ་༢,༦༢༣,༣༣༩,༤༧༦.༥༡ བཏབ་མི་དེ་ ལོག་སྤྲོད་ནིའི་དོན་ལུ་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ རྒྱ་འབྲུག་༢ ཀྱི་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ མཚན་རྟགས་བཀོད་ཅི།
མཚན་རྟགས་དེ་ཡང་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ དབང་ཕྱུག་མཐའ་ཡས་དང་ རྒྱ་གར་གྱི་ གྲུབ་འབྲས་འཛིན་སྐྱོང་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་ ཀར་ནེལ་སིང་གིས་ བཀོད་ཅི།
ཅ་ཁྲལ་དེ་ཡང་ སྤྱི་ལོ་༢༠༡༧ གྱི་ ལོ་ཕྱེད་ཚུན་གྱི་ཨིནམ་ད་ མ་དངུལ་དེ་ཡང་ རྒྱལ་ཁབ་གཉིས་ཀྱི་ འཐུས་མི་སྡེ་ཚན་གྱིས་ བདེན་དཔྱད་འབད་བའི་ཤུལ་ལས་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
རྒྱ་གར་གྱི་ ཅ་ཁྲལ་དེ་ཡང་ ནང་འཁོད་ཀྱི་ཐོན་སྐྱེད་ཨིན་རུང་ འབྲུག་པའི་ཕྱིར་བཙོང་འཐབ་མི་ཚུ་ལུ་བཀལ་མི་ ཁྲལ་ཨིནམ་ད་ དེ་ཡང་ ཚོང་པ་ཚུ་གིས་ ནང་འདྲེན་འབད་བའི་སྐབས་ རྒྱ་གར་གྱི་རུ་པི་ནང་ སྤྲོད་དགོ་ནི་དེ་གིས་ཨིན་པས།
ཁྲལ་དེ་ཡང་ རྒྱ་གར་གཞུང་གི་ རྩིས་ལོའི་སྲིད་བྱུས་དང་འཁྲིལཝ་ད་ ཚོང་འབྲེལ་གྱི་རིགས་ག་ཅི་ཨིན་རུང་ ཅ་ཁྲལ་ཕོག་དགོཔ་སྦེ་ཡོད་མི་དང་འཁྲིལ་ བཏབ་ཡོདཔ་ཨིན་པས།
འབྲུག་གཞུང་གིས་ ཅ་ཁྲལ་ཚུ་ ལོ་བསྟར་བཞིན་དུ་ ལོག་ཐོབ་བཞིན་དུ་ཡོདཔ་ཨིན་རུང་ དུས་ཅི་ལས་ མཇུག་ཨིན་མི་དེ་ཡང་ ན་ཧིང་ལས་ རྒྱ་གར་ལུ་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་མི་ལུ་བརྟེན་ཨིན་པས།
ཅ་དངོས་དང་ཞབས་ཏོག་ཁྲལ་དེ་ སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༡ ལས་ འགོ་བཙུགས་པའི་ཤུལ་ལས་ རྒྱ་གར་ལས་ ནང་འདྲེན་འབད་མི་ཚུ་ལུ་ ཅ་ཁྲལ་ག་ནི་ཡང་མ་ཕོག་རུང་ ས་སྣུམ་གྱི་ཐོན་སྐྱེད་རིགས་ཚུ་ སྤྱི་ཟླ་༡༠ པ་ཚུན་ ཁྲལ་བཏབ་ཐོག་ལས་ ནང་འདྲེན་འཐབ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཅ་ཁྲལ་ལོག་བཏབ་མི་དེ་ ལོ་དེ་ནང་ ཚོང་འབྲེལ་འཐབ་མི་ ཅ་ཆས་ག་ར་ལུ་ ཕོག་མི་ཁྲལ་ཨིནམ་ད་ དེ་གིས་མ་དོ་བར་ གློག་མེ་ལས་འགུལ་ཚུ་གིས་ ནང་འདྲེན་འཐབ་མི་ཚུ་ལུ་ བཟོ་སྐྲུན་འབད་ས་ལས་ར་ ཅ་ཁྲལ་དགོངས་ཡངས་འབད་ཡོདཔ་ལས་ དེ་ཚུ་ལུ་ ལོག་མི་ཐོབ་ནི་ཨིན་པས།
ཅ་ཁྲལ་ལོག་བཏབ་མི་ལས་ མང་ཤོས་ར་ ས་སྣུམ་དང་འབྲེལ་བའི་ ཐོན་སྐྱེད་ཚུ་ལས་ཐོབ་མི་དེ་ ཡོངས་བསྡོམས་ལས་ བརྒྱ་ཆ་༤༩ གི་རྩིས་ཨིན་པས།
སྤྱི་ལོ་༢༠༡༦ དང་ཕྱདཔ་ད་ ཅ་ཁྲལ་ལོག་བཏབ་མི་དེ་ དངུལ་ཀྲམ་ས་ཡ་༡༣༧༧ མར་བབས་སོང་ཡོདཔ་ད་ མར་བབས་བརྒྱ་ཆ་༣༤ དེ་ རྒྱ་གར་ལུ་ སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༡ ལས་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་མི་ལུ་བརྟེན་ཨིན་པས།
ལོ་དེ་གི་ ཅ་ཁྲལ་དེ་ཡང་ སྤྱི་ཟླ་དང་པ་ལས་༦ པའི་བར་ན་ ཕྱིར་ཚོང་འབད་མི་དང་ སྤྱི་ཟླ་དང་པ་ལས་༡༠ པ་ཚུན་ ས་སྣུམ་དང་འབྲེལ་བའི་ ཐོན་སྐྱེད་ཚུ་ལུ་ བཀལ་མི་ཨིན་པས།
དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ ཅ་ཁྲལ་ལོག་བཏབ་མི་དེ་གིས་ རྒྱལ་ཁབ་ཀྱི་ ནང་འཁོད་འོང་འབབ་ལུ་ ཕན་ཐོགས་སྦོམ་ཡོདཔ་ལས་ དེ་གིས་ རྒྱལ་ཁབ་ལུ་ ཕན་ཐོགས་སྦོམ་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བཀྲིས་སྒང་མཁའ་གླིང་ བྱི་རི་ལས་མི་སྤྱི་འོག་ནང་ ཟམ་༢ རྐྱབ་དགོཔ་ཡོདཔ།

༉ གནམ་བྱཱར་ཆར་ཆུ་འབོར་བའི་སྐབས་དང་ ལ་མཐོ་ས་ཆརཔ་རྐྱབ་ད་ བཀྲིས་སྒང་མཁའ་གླིང་རྒེད་འོག་ བྱི་རི་ལས་མི་སྤྱི་འོག་གི་མི་སེར་ཚུ་ ཨ་རྟག་ར་ ཚང་གྱང་ལང་དགོཔ་ཐོན་དོ་ཡོདཔ་ཨིན་པས། དེ་ཡང་ ས་གནས་ ལ་ལུང་གྲང་ཟེར་ས་ལུ་ གཏན་འཇགས་ཀྱི་ ཟམ་ཅིག་མེད་མི་ལུ་བརྟེན་ རོང་ཆུ་བྲེས་འོངམ་ད་ འགྲོ་འགྲུལ་འབད་མི་གི་ ཚེ་སྲོག་ལུ་གནོད་ཉེན་ཡོདཔ་མ་ཚད་ …

Leave a Reply

Your email address will not be published. Required fields are marked *