རྒེད་འོག་ལྟེ་བའི་ལམ་ཉམས་བཅོས་ཀྱིས་ འཆར་གཞི་གཞན་ལུ་ ཐོ་ཕོག་དོ་ཡོདཔ།

༉ རྒེད་འོག་ལྟེ་བའི་ལམ་ རྒེད་འོག་བདག་སྐྱོང་ལུ་ རྩིས་སྤྲོད་ཡོདཔ་ལས་ ལམ་ཉམས་བཅོས་ཀྱི་ ལཱ་ཚུ་ལུ་ རྒེད་འོག་གི་ འཆར་དངུལ་ལས་ གཏང་དགོཔ་ལས་ ལམ་ཐག་རིང་བའི་ རྒེད་འོག་ཚུ་གི་ འཆར་གཞི་ལས་སྣ་གཞན་ཚུ་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།
དེ་ཡང་ བུམ་ཐང་རྫོང་ཁག་གི་ ས་གནས་གཞུང་༢ པའི་ རྫོང་ཁག་ཚོགས་འདུ་ཐེངས་༢ པ་ འཚོགས་པའི་སྐབས་ སྟང་རྒཔོ་ཨོ་རྒྱན་ཉི་མ་གིས་ ཞུ་ཡི།
དུས་ཅི་སྤྱི་ཟླ་༡ པ་ ལས་ རྒེད་འོག་ལྟེ་བའི་ལམ་དེ་ རྫོང་ཁག་བདག་སྐྱོང་གིས་ རྒེད་འོག་བདག་སྐྱོང་ལུ་ རྩིས་སྤྲོད་ཡོདཔ་ད་ ལམ་ཉམས་བཅོས་འབད་ནིའི་དོན་ལུ་ འཆར་དངུལ་དེ་ རྒེད་འོག་གིས་ གཏང་དགོཔ་ཨིན་པས།
རྒཔོ་ཨོ་རྒྱན་ཉི་མ་གིས་ རྫོང་ཁག་གི་ རྒེད་འོག་༤ ལས་ ལམ་ཐག་རིང་ཤོས་ར་ སྟང་རྒེད་འོག་ཨིནམ་ལས་ ལམ་ཉམས་བཅོས་ཀྱི་དོན་ལུ་ རྒེད་འོག་གི་ འཆར་དངུལ་ལས་ གཏང་པ་ཅིན་ འཆར་གཞི་ལས་སྣ་གཞན་ཚུ་ འབད་མི་ཚུགས་ནི་མས་ཟེར་ཨིན་པས།
དེ་ཡང་ ལམ་ཀི་ལོ་མི་ཊར་རེ་ ཉམས་བཅོས་འབད་ནིའི་དོན་ལུ་ དངུལ་ཀྲམ་༣༣,༠༠༠ རེ་བཞག་དགོཔ་ད་ སྟང་རྒེད་ནང་ ཀི་ལོ་མི་ཊར་༡༧ ཡོདཔ་ལས་ ལོ་༡ ནང་ འཆར་དངུལ་དངུལ་ཀྲམ་༥༦༡,༠༠༠ གནསཔ་མས་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ མ་དངུལ་དེ་ཅིག་ འཁོར་ལམ་རྒྱུན་སྐྱོང་ནང་ གཏང་དགོ་པ་ཅིན་ འཆར་གཞི་༡༢ པའི་དོན་ལུ་ ལོ་༥འི་ འཆར་གཞི་ཚུ་ མ་དངུལ་དང་འཁྲིལ་ཏེ་ བརྩམས་ཡོདཔ་ལས་ ལས་སྣ་གཞན་འགྲུབ་མི་ཚུགས་ནི་མས་ཟེར་ཨིན་པས།
རྒཔོ་ཨོ་རྒྱན་ཉི་མ་གིས་ དུས་ཅི་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སྤྱིར་འཛམ་གླིང་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ འབྱེམ་ཕོག་ཡོདཔ་ ག་ར་གིས་ ཧ་གོ་དོ་ཡོདཔ་ལས་ གཞུང་གི་ཧོངས་ལས་ དུས་ཅི་ མ་དངུལ་གནང་མ་ཚུགས་རུང་ ཤུལ་མའི་ལོ་ཚུ་ནང་ གནང་དགོཔ་འདུག་ཟེར་ཞུ་ཡི།
ད་རུང་ ཁོ་གིས་ ཞུ་མིའི་ནང་ རྒེད་འོག་ལྟེ་བའི་ འཁོར་ལམ་གྱི་ རྩི་ནག་གི་ སྟུག་ཚད་ཨིན་ཅི་༡ དེ་ཅིག་ལས་བརྒལ་མེད་རུང་ དུས་རྒྱུན་དུ་ ལམ་བདའ་སྟེ་ སྣུམ་འཁོར་ཚུ་དང་ ཤིང་དུམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ལས་ འཁོར་ལམ་གྱི་ རྩི་ནག་མེདཔ་གཏང་ནི་དང་ ལམ་ཧག་ཀ་ཧོག་ཀ་ འཐོན་པ་ཅིན་ ཉམས་བཅོས་སྦོམ་འབད་དགོཔ་ལས་ རྒེད་འོག་གི་ མ་དངུལ་གྱིས་ བདའ་ཟུན་མི་ཚུགས་ནི་ཨིནམ་ལས་ མ་དངུལ་ལོགས་སུ་ གནང་དགོཔ་འདུག་ཟེར་ཨིན་པས།
རྒེད་འོག་གཞན་༣ གཞུང་ལམ་ལས་ མི་ཊར་༢༠ དེ་ཅིག་གི་ ས་ཁར་ཡོདཔ་ལས་ སྟང་རྒེད་འོག་བཟུམ་སྦེ་ འཁོར་ལམ་གྱི་དོན་ལུ་ མ་དངུལ་གཏང་དགོཔ་མི་འཐོན་ནི་ཨིན་པས།
རྒེད་འོག་ཚུ་གི་ ལོ་བསྟར་འཆར་དངུལ་དེ་ རྒེད་འོག་གི་ རྒྱ་ཚད་དང་ མི་རློབས་ ཁྱིམ་གུང་དང་འཁྲིལ་ཏེ་ སྐལ་སྤྲོད་འབད་དོ་ཡོདཔ་ཨིན་པས།
རྒེད་འོག་ག་རའི་ནང་ འཆར་གཞི་ལས་སྣ་ཚུ་ཡང་ ཧ་ལམ་ཅོག་འཐདཔ་ཡོད་རུང་ ཐག་རིང་སར་ཡོད་རྒེད་འོག་ཚུ་ལུ་ ཟད་འགྲོ་ཐེབས་བཏང་དགོཔ་ལས་ བུམ་ཐང་རྫོང་ཁག་ཚོགས་འདུ་གིས་ འབྲེལ་ཡོད་ལྷན་ཁག་ལུ་ སྟང་རྒེད་འོག་གི་ཐད་ཁར་ བསྐྱར་ཞིབ་ཐོག་ རྒྱབ་སྐྱོར་འབད་དགོ་པའི་ ཞུ་བ་འབད་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *