རྒེད་འོག་ལས་སྣ་ཚུ་གི་དོན་ལུ་ ནགས་ཚལ་ཉོགས་མེད་ལག་ཁྱེར་ གང་མགྱོགས་གནང་དགོ་པའི་ཞུ་བ།

༉ འདས་པའི་བདུན་ཕྲག་ནང་ མཇུག་བསྡུ་མི་ མོང་སྒར་རྫོང་ཁག་ཚོགས་འདུའི་སྐབས་ འཐུས་མི་ཚུ་གིས་ རྒེད་འོག་གོང་འཕེལ་ལས་སྣ་ཚུ་གི་དོན་ལུ་ ནགས་ཚལ་ཉོགས་མེད་ཡི་གུ་ དུས་ཚོད་ཁར་ མི་སྤྲོད་པས་ཟེར་བའི་ ཉོགས་བཤད་བཀོད་ཅི།
དེ་ཡང་ ཙ་ཀ་གླིང་རྒཔོ་ མོང་སྒར་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ བསོད་ནམས་དབང་ཕྱུག་གིས་ མ་གཞི་ ལམ་ལུགས་དང་འཁྲིལཝ་ད་ ཟླཝ་༦ གི་ནང་འཁོད་ལུ་ བྱིན་དགོཔ་སྦེ་ཡོད་རུང་ འཆར་གཞིའི་ལས་སྣ་ཚུ་ སྤུས་ཚད་དང་ གྲུབ་འབྲས་ཅན་སྦེ་ དུས་ཚོད་ཁར་ གྲུབ་ཚུགས་ཐབས་ལུ་ སྔོན་རྩིས་བཏོནམ་ད་ སྟབས་བདེ་ཐབས་ལུ་ འཆར་གཞིའི་དམིགས་གཏད་དང་འཁྲིལ་ ནགས་ཚལ་ཉོགས་མེད་ཡི་གུ་ ག་དེ་མགྱོགས་མགྱོགས་ གནང་ཐབས་ཡོད་པ་ཅིན་ ཕན་རླབས་ཆེ་ནི་མས་ཟེར་ ཞུ་ཡི།
དེ་ལས་ སོ་ནམ་ཞིང་ལམ་གྱི་དོན་ལུ་ འཆར་གཞི་ནང་ཚུད་ཡོད་པའི་བདེན་དཔྱད་ལུ་ རྫོང་ཁག་སོ་ནམ་འགོ་དཔོན་ལས་ ཡི་གུ་ལེན་དགོ་མི་གིས་ སྟབས་མ་བདེཝ་ཡོདཔ་ལས་ ད་རེས་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་དང་འཁྲིལཝ་ད་ རྒེད་འོག་གོང་འཕེལ་ལས་སྣ་ཚུ་ རྒེད་འོག་ལུ་ དབང་ཆ་ཡོདཔ་ལས་ ཡི་གུ་གསལ་བཏོན་འབད་དགོཔ་མིན་འདུག་ཟེར་ཞུ་ཡི།
མོང་སྒར་རྫོང་ཁག་ ནགས་ཚལ་གཙོ་འཛིན་ དཀར་མདོག་ཚེ་རིང་གིས་ དོགས་གསལ་ཞུ་མིའི་ནང་ འདི་བཟུམ་གྱི་ དཀའ་ངལ་བྱུང་མིའི་ གནད་དོན་གཙོ་བོ་ཅིག་ ལཱ་འགོ་བཙུགས་ཏེ་ བར་མཚམས་ལུ་ལྷོདཔ་ད་རྐྱངམ་གཅིག་ ཉོགས་མེད་ཡི་གུའི་ ཞུ་བ་འབད་དོ་ཡོདཔ་ལས་ བཟོ་སྐྲུན་གྱི་ལཱ་ འགོ་མ་བཙུགསཔ་ལས་ར་ སྙན་ཞུ་འབད་བ་ཅིན་ ནགས་ཚལ་ཡིག་ཚང་གི་ཁ་ཐུག་ལས་ གཞུང་གི་ལཱ་ཚུ་ལུ་ གཙོ་རིམ་བྱིན་ བཞིན་དུ་ར་ཡོད་ཟེར་ཨིན་པས།
མ་གཞི་ མོང་སྒར་དང་ ལྷུན་རྩེའི་ རྫོང་ཁག་༢ ཀྱི་དོན་ལུ་ ནགས་ཚལ་སྲུང་སྐྱོབ་ཀྱི་ སྲིད་བྱུས་དང་འཁྲིལ་ ཚད་འཛིན་འབད་དགོཔ་ཡོདཔ་བཞིན་དུ་ ལོ་བསྟར་དམིགས་གཏད་དེ་༥༠ དེ་ཅིག་མ་གཏོགས་མེད་རུང་ ཡི་གུ་བཙུགས་མི་༡༣༩ ལྷོད་ས་ལས་༡༣༠ ཆ་འཇོག་འབད་དེ་ཡོད་མི་དེ་ བདེན་རྟགས་ཅིག་ཨིནམ་ལས་ རབ་འབྱུང་པ་ཅིན་ གནས་སྟངས་ཞིབ་དཔྱད་འབདཝ་ད་ར་ འབྲེལ་བ་ཡོད་པའི་ བཟོ་རིག་དང་ མཐའ་འཁོར་གནས་སྟངས་འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་མཐུན་འབད་དགོ་ཟེར་ དཀར་མདོག་ཚེ་རིང་གིས་ ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ སྒེར་གྱི་ལས་སྣའི་དོན་ལུ་འབད་བ་ཅིན་ རྫོང་ཁག་གིས་ ཞིབ་དཔྱད་མཐིལ་ཕྱིན་འབད་ཞིནམ་ལས་ གནང་བ་འགྲུབ་དགོ་མི་ལུ་བརྟེན་ ཉེན་ཁ་ཡོདཔ་ལས་ ལཱ་གི་དབྱེ་ཁག་གཉིས་སྦེ་ཡོད་མི་ཚུ་ སླ་བསྲེས་ནི་མི་འོང་ཟེར་ ཞུ་ཡི།
སྔ་ཚང་རྒཔོ་ རྡོ་རྗེ་ལས་སྐྱིད་ཀྱིས་ ཞུ་མིའི་ནང་ སྤྱིར་བཏང་གླིང་འཛིན་ཡིག་ཚང་གིས་ ཉོགས་མེད་ཡི་གུ་བཙུགས་མི་ཚུ་ ནགས་ཚལ་རྒྱ་སྐྱེད་འགོ་དཔོན་ལུ་ བྱིན་དགོ་ནི་དེ་གིས་ ཡི་གུ་བཙུགས་ཏེ་འབད་རུང་ ལ་ལོ་ཅིག་གིས་ རྫོང་ཁག་ཡིག་ཚང་དང་གཅིག་ཁར་ དུས་མཐུན་མ་འབད་བར་ ཡུན་རིངམོ་སྦེ་ བཞགཔ་མས་ཟེར་ ཞུ་ཡི།
གནད་དོན་དེ་ ནགས་ཚལ་ཡིག་ཚང་དང་ རྒེད་འོག་ཚུ་གི་བར་ན་ མཉམ་འབྲེལ་འབད་ནི་དང་ སོ་ནམ་ཞིང་ལམ་གྱི་ལམ་སྟོན་ བསྐྱར་བཟོའི་དོན་ལུ་ སོ་ནམ་ལྷན་ཁག་ལུ་ སྙན་ཞུ་འབད་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་ གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *