རྒེད་འོག་མར་ཕབ་ཀྱི་ཕན་གནོད།

༉ གཞུང་དང་ ས་གནས་གཞུང་ལས་ཁུངས་ཀྱི་ དམིགས་འཆར་དང་འཁྲིལ་ འགྱོ་བཏུབ་པ་ཅིན་ སྤྱི་ལོ་༢༠༢༡ གི་ ཟླ་མཇུག་ཁམས་ཅིག་ཁར་ ས་གནས་གཞུང་གི་ བཙག་འཐུ་སྐབས་ རྒཔོ་དང་དམངས་མི་༥༠ དང་༦༠ གི་བར་ན་ ཉུང་སུ་འོང་ནི་མས།
ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ ནང་ རྒེད་འོག་༢༠༥ ཡོད་མི་དེ་ གཅིག་བསྡོམས་དང་ མར་ཕབ་འབད་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་ད་ དམིགས་ཡུལ་དེ་ རྒེད་འོག་ལ་ལོ་གཅིག་ཁར་བསྡབས་ཐོག་ལས་ གྱངས་ཁ་ཉུང་སུ་བཟོ་ནི་དང་ གལ་སྲིད་ སྤྱི་ཚོགས་ཀྱིས་ ཆ་འཇོག་འགྲུབ་པ་ཅིན་ ཤུལ་མའི་ ས་གནས་གཞུང་གི་ བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ ལག་ལེན་འཐབ་ནི་ཨིན་མས།
རྒེད་འོག་༢༠༥ ལས་ མར་ཕབ་འབད་ནི་དེ་ དུས་ཚོད་རན་ཡོད་མི་དེ་ཡང་ རྒྱལ་ཁབ་ཡར་རྒྱས་མ་འགྱོ་བའི་ ནམ་དུས་ལུ་ གཡུས་ཚན་དང་ རྒེད་འོག་ཚུ་ ཁ་གཏོར་ཏེ་ཡོདཔ་མ་ཚད་ བརྒྱུད་འབྲེལ་གྱི་ དཀའ་ངལ་ཡོདཔ་ལས་ རྒེད་འོག་མངམ་དགོ་པའི་ མཁོ་གལ་བྱུང་ཡོད་རུང་ ད་རེས་ནངས་པར་ གནས་སྟངས་བསྒྱུར་བཅོས་སོང་ཡོདཔ་ལས་ ས་གནས་གཞུང་སྐྱོང་ལམ་ལུགས་ བསྐྱར་བཟོ་འབད་དགོཔ་ ཁག་ཆེཝ་སྦེ་ ཐོན་ཡོད་མི་ལུ་བརྟེན་ཨིན།
ད་རེས་ནངས་པར་ འགྲུལ་འཁོར་ལམ་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ལྷོད་དེ་ཡོདཔ་མ་ཚད་ བརྒྱུད་འབྲེལ་དང་འབྲེལ་བའི་ བརྡ་དོན་འཕྲུལ་རིག་གི་ མཐུན་རྐྱེན་ཚུ་ཡང་ ལྷོད་དེ་ཡོདཔ་ལས་ རྒེད་འོག་༢༠༥ དགོ་པའི་ འོས་ཁུངས་ཅིག་ མི་མཐོངམ་མས།
ས་གནས་གཞུང་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་ ད་རེས་ནངས་པར་ རྒེད་འོག་ལ་ལོ་ཅིག་གི་བར་ན་ སྣུམ་འཁོར་ནང་ འགྱོ་བ་ཅིན་ དུས་ཡུན་སྐར་མ་དག་པ་ཅིག་གི་ ནང་འཁོད་ལུ་ ལྷོད་དོ་ཡོདཔ་ད་ རྒེད་འོག་ཉུང་སུ་དང་ ཁྱབ་ཁོངས་སྦོམ་སྦེ་ཡོད་པ་ཅིན་ གཞུང་ལས་ རྒེད་འོག་ཚུ་ལུ་ གོང་འཕེལ་གྱི་ འཆར་དངུལ་ཚུ་ཡང་ ཧེ་མ་བཟུམ་སྦེ་མེན་པར་ མང་སུ་འཐོབ་ནི་ཨིན་མས།
ད་རེས་ རྒེད་འོག་མར་ཕབ་ཀྱི་ བྱ་རིམ་འཐབ་མི་དེ་ གནད་དོན་གསརཔ་མེན་པར་ ས་གནས་གཞུང་གིས་ སྤྱི་ལོ་༢༠༡༢ ལུ་ རྒེད་འོག་༥༤ མར་ཕབ་འབད་ནི་དང་ སྤྱི་ལོ་༢༠༡༥ ལུ་ རྒེད་འོག་༥༧ མར་ཕབ་འབད་ནི་གི་ འཆར་གཞི་བརྩམས་ནུག།
ད་ལྟོ་ བྱ་རིམ་སྒྲིག་པའི་བསྒང་ཡོད་མི་དེ་ མཐར་འཁྱོལ་ཚུགསཔ་སྦེ་ར་ ལག་ལེན་འཐབ་པ་ཅིན་ གཞུང་གི་ཟད་འགྲོ་ལུ་ ཕན་ཁྱད་འབྱུང་ནི་དང་ མི་སེར་ཚུ་ལུ་ ཞབས་ཏོག་ཡང་ དོན་སྨིན་ཅན་སྦེ་ མཁོ་སྤྲོད་འབད་ཚུགས་ནི་མས།
མ་གཞི་ རྒེད་འོག་གི་ གྱངས་ཁ་མར་ཕབ་འབད་བའི་བསྒང་ལས་ རྒཔོ་དང་དམངས་མི་ཡང་ མར་འབབ་འགྱོ་ནི་ཨིནམ་ལས་ ས་གནས་གཞུང་གི་ འགན་འཁྲི་འབག་འདོད་ཡོད་མི་ཚུ་ལུ་ གོ་སྐབས་ཉུང་སུ་འགྱོ་ནི་ཨིན་རུང་ རྒྱལ་ཁབ་ཀྱི་ མ་འོངས་མཐའ་དོན་ལུ་ མནོ་བསམ་གཏང་དགོཔ་དེ་ཡང་གལ་ཆེ།
འབྲུག་བཟུམ་མའི་ སྐོབས་ཚུད་རྒྱལ་ཁབ་ཆུང་ཀུ་དང་ མི་རློབས་ཡང་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ང་བཅས་རའི་ བདག་སྐྱོང་ལམ་ལུགས་ ཕན་ཁྱད་ཅན་དང་ དོན་སྨིན་ཅན་ཐོག་ འཛིན་སྐྱོང་འཐབ་དགོཔ་བཞིན་དུ་ རྫོང་ཁག་ཚུ་ལས་ ཐག་རིང་སར་ཡོད་མི་ རྒེད་འོག་ཚུ་ཡང་ ཉེ་འདབས་ཀྱི་ རྫོང་ཁག་ནང་ སྤོ་སོར་འབད་ནི་དེ་ཡང་ ད་ལྟོ་ བྱ་རིམ་སྒྲིག་མི་གིས་ བལྟ་བའི་བསྒང་ཨིན་མས།
འདི་འབདཝ་ལས་ རྒེད་འོག་གི་ གྱངས་ཁ་མར་ཕབ་ཀྱི་ ཕན་གནོད་གཉིས་ཆ་ར་ཡོད་རུང་ བདག་སྐྱོང་ལམ་ལུགས་ དོན་སྨིན་ཅན་བཟོ་ནི་གི་ དམིགས་ཡུལ་ལུ་ རྒྱབ་སྐྱོར་འབད་དགོཔ་འདུག།

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *