རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས།

དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ མར་ཕབ་འབད་ནིའི་  འཆར་གཞི་དང་འཁྲིལ་ བསྟར་སྤྱོད་འབད་བ་ཅིན་ མི་མང་ལུ་ ཞབས་ཏོག་ལེགས་ཤོམ་ཞུ་ནི་གི་ འོས་འབབ་མ་མཐོང་མི་ལུ་བརྟེན་ཨིན་པས།

དབང་འདུས་རྫོང་ཁག་ནང་ རྒེད་འོག་༡༥ ཡོད་པའི་ཁར་ མི་རློབས་༤༥,༠༠༠ དེ་ཅིག་ཡོདཔ་ཨིན་པས།

རྒེད་འོག་མར་ཕབ་རྐྱབ་ནི་དེ་ཡང་ རྒེད་འོག་ཚུ་ ཚད་ལྡན་བཟོ་ནིའི་དོན་ལུ་ བརྟག་ཞིབ་དང་ ཞིབ་འཚོལ་གྱི་ ལཱ་འབད་མི་ རྒེད་འོག་ལས་བྱེད་ཚོགས་ཆུང་ གཞི་བཙུགས་འབད་ཞིནམ་ལས་ གྲོས་འཆར་བཀོད་ནུག་ཟེར་ཨིན་པས།

དྭངས་ཆུ་རྒེད་འོག་གི་ རྒཔོ་སྤེན་བ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ རྒེད་འོག་༢༠༥ ཡོད་མི་ལས་༡༤༧ གུ་ མར་ཕབ་འབད་བ་ཅིན་ ཟད་འགྲོ་ལུ་ ཁེ་ཕན་ཡོདཔ་སྦེ་ གཞུང་གིས་ གྲོས་འཆར་བཀོད་མི་དེ་ ལེགས་ཤོམ་ཅིག་མེན་པས་ཟེར་ཨིན་པས།

ས་གནས་གཞུང་ལས་ཁུངས་ཀྱིས་ གདམ་ཁ་༥ གུ་ ལཱ་འབད་མི་ལས་༡ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༢༤ དེ་ཅིག་ ལོ་བསྟར་བཞིན་དུ་ མར་ཕབ་རྐྱབ་ཚུགས་ནི་ཨིནམ་ལས་ གསར་སྒྲུབ་ཀྱི་ ཟད་འགྲོ་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

རྒཔོ་སྤེན་པ་གིས་འབད་བ་ཅིན་ མི་སྟོབས་ཀྱི་ ལྕོགས་གྲུབ་ལུ་བལྟ་རུང་ ཚ་གྱང་ལང་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ད་རེས་ ཆུ་ཚོད་༢༤ གི་རིང་ མི་མང་ལུ་ ཞབས་ཏོག་སྤྲོད་པའི་སྐབས་དང་ འཆར་གཞིའི་ ལས་སྣ་ཚུ་ཡང་ འགྲུབ་ནི་ལུ་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།

གནད་དོན་དེ་གི་སྐོར་ལས་ རྫོང་ཁག་ཚོགས་འདུ་གིས་ སྤྱི་ཟླ་༧ པའི་ཚེས་༣༡ དང་ སྤྱི་ཟླ་༨ པའི་ཚེས་༡ ལུ་ གྲོས་བསྡུར་འབད་ཡོདཔ་ད་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ འགོ་དཔོན་ཚུ་ རྒེད་འོག་ནང་ འོང་པའི་སྐབས་ ས་གནས་གཞུང་སྐྱོང་གི་ འགོ་ཁྲིདཔ་ཚུ་གིས་ ཚ་གྱང་ཡོད་ལུགས་ཞུཝ་ད་ བསྒྱུར་བཅོས་འབད་ནི་ཨིན་ཟེར་ སླབ་ཡོད་རུང་ དོགས་པ་ཡོད་ཟེར་ཨིན་པས།

ཀ་གཞི་རྒཔོ་ དབང་འདུས་ཀྱིས་ སླབ་མིའི་ནང་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་ གྲོས་འཆར་དང་འཁྲིལ་ རྒེད་འོག་མར་ཕབ་འབད་བ་ཅིན་ ནི་ཡུལ་གཡུས་ཚན་བཟུམ་ནང་ རྒེད་འོག་གི་ འགོ་དཔོན་ཚུ་ཡང་ ལྷོད་ནི་ལུ་ གདོང་ལེན་བྱུང་བཞིན་དུ་ཡོདཔ་ལས་ ད་ལས་ཕར་ དཀའ་ངལ་འོང་ཟེར་ཨིན་པས།

རྫོང་ཁག་ནང་འཁོད་ནང་ཡང་ ཐག་མ་བཏོག་པའི་ཧེ་མར་ ས་གནས་གཞུང་སྐྱོང་གི་ འགོ་དཔོན་ཚུ་གིས་ མི་སེར་ཚུ་དང་ གྲོས་བསྟུན་མཐིལ་ཕྱིན་འབད་ཡོད་པ་ཅིན་ སྟབས་བདེ་ཏོག་ཏོ་འབྱུང་འོང་ཟེར་ཨིན་པས།

དབང་འདུས་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ བསྟན་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ མ་གཞི་ རྒེད་འོག་ཆུང་ཀུ་དང་ ཉེ་འདབས་ལུ་ཡོད་མི་ རྒེད་འོག་ཚུ་འབད་བ་ཅིན་ གྲོས་འཆར་དེ་ ཆ་འཇོག་འབད་རུང་ ཐད་ཀར་དུ་ མི་མང་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།

གལ་སྲིད་ རྒེད་འོག་༢ བསྡབ་པ་ཅིན་ རྒེད་འོག་ལྟེ་བ་དེ་ རྒེད་འོག་སོ་སོ་ནང་ ཆགས་ནི་ཨིནམ་ལས་ རྒེད་འོག་གཞན་གྱི་ མི་སེར་ཚུ་ རྒྱབ་ཁར་ལུས་ནི་ཨིནམ་ལས་ བྱ་སྟབས་མ་བདེཝ་ འཐོན་ནི་མས་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *