རྒེད་འོག་གི་ གྱངས་ཁ་མར་ཕབ་ཀྱི་ ལཱ་འབད་ཡོདཔ།

རྒེད་འོག་༢༠༥ ལས་༡༤༧ ལུ་ མར་ཕབ་འབད་ནིའི་འཆར་གཞི།

༉ རྒྱལ་ཁབ་ནང་ ད་ལྟོ་ རྒེད་འོག་༢༠༥ ཡོད་མི་དེ་ བསྐྱར་བཟོ་འབད་ནིའི་དོན་ལུ་ ནང་སྲིད་ལྷན་ཁག་ ས་གནས་གཞུང་ལས་ཁུངས་ཀྱིས་ ཞིབ་འཚོལ་དང་ གྲོས་བསྟུན་འབད་ཐོག་ལས་ བློན་ཆེན་ཡིག་ཚང་ནང་ རྒེད་འོག་གཅིག་བསྡོམས་དང་ མར་ཕབ་ཀྱི་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།
ད་ལྟོ་ གནད་དོན་དེ་ལུ་ ལཱ་འབད་བའི་བསྒང་ཡོདཔ་ལས་ རྒེད་འོག་གི་ གྱངས་ཁ་ག་དེམ་ཅིག་ལུ་ མར་ཕབ་འབད་ནི་ཨིན་ན་ ག་གིས་ཡང་ གཏན་འཁེལ་སྦེ་ སླབ་ནི་མིན་འདུག།
ཨིན་རུང་ ས་གནས་གཞུང་ལས་ཁུངས་ཀྱི་མདོ་ཆེན་ དཀར་མདོག་བཟང་པོ་གིས་ སླབ་མིའི་ནང་ གཞུང་གི་བཀའ་རྒྱ་དང་འཁྲིལ་ ལས་ཁུངས་ཀྱིས་ འབྲེལ་ཡོད་ལས་སྡེ་ཚུ་ལས་ ངོ་ཚབ་རེ་ཡོད་པའི་ ལས་བྱེད་ཚོགས་ཆུང་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ གདམ་ཁ་༥ འབད་མི་ གྲོས་འཆར་ཅིག་ བློན་ཆེན་ཡིག་ཚང་ལུ་ ཕུལ་ཏེ་ཡོདཔ་ལས་ གདམ་ཁ་ག་ཅི་ལུ་ ངོས་ལེན་གནང་འོང་ག་ ད་ལྟོ་ སླབ་མི་ཤེས་པས་ཟེར་ཨིན་པས།
རྒེད་འོག་ལ་ལོ་ གཅིག་བསྡོམས་འབད་བ་ཅིན་ སྤྱི་ལོ་༢༠༢༡ མཇུག་བསྡུ་ཁམས་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ས་གནས་གཞུང་གི་ བཙག་འཐུའི་སྐབས་ལུ་ རྒེད་འོག་གི་གྱངས་ཁ་ ལེ་ཤ་ཅིག་ར་ མར་འབབ་འགྱོ་ནི་ཨིན་པས།
དཀར་མདོག་བཟང་པོ་གིས་ སླབ་མིའི་ནང་ རྒེད་འོག་གི་ གྱངས་ཁ་༩༠ དེ་ཅིག་ལུ་ མར་ཕབ་འབད་བ་ཅིན་ འོས་འབབ་ག་དེ་སྦེ་འོང་ག་ དེ་གི་སྐོར་ལས་ཡང་ གྲོས་བསྟུན་བྱུང་ཡི་ཟེར་ཨིན་པས།
ས་གནས་གཞུང་གིས་ འདས་པའི་ལོ་ཚུ་ནང་ གྲོས་འཆར་བརྩམས་མི་ཚུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ལུ་ རྒེད་འོག་༥༤ མར་ཕབ་དང་ སྤྱི་ལོ་༢༠༡༥ ལུ་ རྒེད་འོག་༥༧ མར་ཕབ་འབད་ནི་གི་ འཆར་གཞི་ཨིན་པས།
ད་རེས་ གཞུང་གིས་ བཀའ་གནང་མི་དང་འཁྲིལ་ ས་གནས་གཞུང་གིས་ རྒེད་འོག་མར་ཕབ་ཀྱི་ལཱ་ཚུ་ གྲ་སྒྲིག་བཟོ་ཐོག་ལས་ འདས་པའི་གནམ་བྱཱར་གྱི་ ཚོགས་ཐེངས་ནང་ བཙུགས་དགོཔ་ཨིན་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ལཱ་དེ་ཡང་ མཇུག་བསྡུ་མ་ཚུགས་པའི་ཁར་ ཚོགས་ཐེངས་དེ་ཡང་ འགོ་འདྲེན་འཐབ་མ་ཚུགསཔ་ལས་ ལུས་སོ་ནུག།
རྒེད་འོག་གི་གྱངས་ཁ་ མར་ཕབ་འབད་དགོ་མི་དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ ས་མཚམས་བཅད་མཚམས་ལྷན་ཚོགས་ཀྱིས་ ས་གནས་གཞུང་གི་ བཙག་འཐུའི་འདེམས་ཁོངས་ཚུ་ དགོས་མཁོ་དང་འཁྲིལ་ ལོ་ངོ་༡༠ གྱི་རྒྱབ་ལས་ ཚར་རེ་བསྐྱར་བཟོ་འབད་ཆོགཔ་སྦེ་ ཡོད་མི་དང་འཁྲིལ་ཏེ་ཨིན་པས།
ད་རེས་ དགོས་མཁོ་མཐོང་མི་དེ་ཡང་ འདས་པའི་ལོ་ཚུ་ནང་ རྒེད་འོག་ཚུ་དང་ གཡུས་སྒོ་ཚུ་ག་རའི་ནང་ འཁོར་ལམ་ཚུ་ ལྷོད་ཡོདཔ་མ་ཚད་ བརྡ་དོན་འཕྲུལ་རིག་གི་ མཐུན་རྐྱེན་ཚུ་ཡང་ ལྷོད་ཡོད་ནི་དེ་གིས་ཨིན་པས།
དཀར་མདོག་བཟང་པོ་གིས་ བཤད་མིའི་ནང་ རྒེད་འོག་ལ་ལོ་ཅིག་གི་བར་ན་ སྣུམ་འཁོར་ནང་འགྱོ་བ་ཅིན་ དུས་ཡུན་སྐར་མ་དག་པ་ཅིག་ལས་བརྒལ་ མི་འགོར་བའི་ཁར་ ད་ལྟོའི་གནས་སྟངས་ནང་ རྒེད་འོག་དང་ རྒེད་འོག་ཚུ་གི་བར་ན་ ཁ་འཆམ་མ་ཚུགས་མི་ལུ་བརྟེན་ དགོས་མཁོ་་ཆེ་བའི་ ཟམ་ལ་སོགས་པ་མ་རྐྱབ་པར་ ལུས་ཏེ་ཡོད་མི་ཚུ་ཡང་ རྐྱབ་ཚུགས་པའི་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་བཟུམ་སྦེ་ རྒེད་འོག་ཚུ་ལུ་ གོང་འཕེལ་གྱི་ ལཱ་འབད་ནིའི་ འཆར་དངུལ་ཚུ་ཡང་ ཧེ་མ་བཟུམ་སྦེ་ དུམ་གྲ་རེ་ བགོ་བཤའ་རྐྱབ་སྟེ་མེན་པར་ མང་སུ་སྦེ་ འཐོབ་ནི་ཨིནམ་ལས་ དེ་གིས་ གོང་འཕེལ་གྱི་ ལས་སྣ་ཆེ་བ་ཚུ་ འགོ་འདྲེན་འཐབ་ཚུགས་པའི་ གོ་སྐབས་འབྱུང་འོང་ཟེར་ཨིན་པས།
དཀར་མདོག་བཟང་པོ་གིས་འབད་བ་ཅིན་ རྒེད་འོག་གི་ གྱངས་ཁ་བསྒྱུར་བཅོས་ཟེརཝ་ད་ གྱངས་ཁ་མར་ཕབ་འབད་ནི་དེ་ རྐྱངམ་གཅིག་མེན་པར་ འཕྲལ་འཕྲལ་སྦེ་ ཡར་སེང་ཡང་ གཏང་དགོཔ་འཐོན་སྲིད་ཟེར་ཨིནམ་ད་ ད་རེས་འབད་རུང་ རྒེད་འོག་དང་ གཡུས་ཚན་ དེ་ལས་ ཁྱིམ་ཚུ་གི་བར་ནའི་ ཐག་རིང་ཐུང་ཚུ་ཡང་ ལེགས་ཤོམ་སྦེ་ བལྟ་ཞིབ་འབད་ཡི་ཟེར་ བཤདཔ་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ འདས་པའི་དྲི་བ་དྲིས་ལན་ཅིག་གི་སྐབས་ གསུངས་མིའི་ནང་ ས་གནས་གཞུང་ལས་ཁུངས་ཀྱིས་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་དེ་ ད་ལྟོ་ཡོད་མི་ རྒེད་འོག་ཚུ་གི་ མི་རློབས་དང་ སའི་ཆགས་ཚུལ་ རྫོང་ཁག་དང་ རྒེད་འོག་ཚུ་གི་བར་ནའི་ ཐག་རིང་ཐུང་ དེ་ལས་ ཁག་ཆེ་བའི་ ཁེ་ཕན་གཞན་ཚུ་ལུ་ བལྟ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དེ་དང་འཁྲིལ་ ས་གནས་གཞུང་གིས་འབད་རུང་ ཞི་གཡོགཔ་ཚུ་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ གྲོས་བསྟུན་འབད་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ རྒེད་འོག་གི་གྱངས་ཁ་ བསྒྱུར་བཅོས་འབད་ནི་དེ་ ད་ལྟོའི་གཞུང་གི་དོན་ལུ་ ལཱ་ཁག་ཅན་ཅིག་ཨིནམ་ད་ གལ་སྲིད་ འཆར་གཞི་དེ་ ས་གནས་གཞུང་གི་ བཙག་འཐུ་རན་པའི་སྐབས་ ལག་ལེན་འཐབ་མ་ཚུགས་པ་ཅིན་ ཁུངས་མེདཔ་འགྱོ་འོང་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *