རྒེད་དྲུང་ཚུ་གི་ཁག་འབག་གནས་ཡུན་ ལོ་༣ ཡར་སེང་འབད་ཡོདཔ།

༉ ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒེད་དྲུང་ཚུ་གི་ ཁག་འབག་གནས་ཡུན་དེ་ དུས་ཡུན་ལོ་༣ ཡར་སེང་གི་ ཡིག་ཚང་བཀའ་རྒྱ་བཏོན་ནུག།
དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཐེངས་༡༨ པ་ འཚོགས་པའི་སྐབས་ རྒྱལ་ཡོངས་ཚོགས་འདུའི་ གྲོས་ཆོད་དང་འཁྲིལ་ དུས་ཡུན་ཡར་སེང་འབད་ཡོདཔ་ད་ དེ་དང་གཅིག་ཁར་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལུ་ རྒེད་དྲུང་དང་ རྒེད་འོག་བདག་སྐྱོང་གཉིས་ཆ་ར་ དགོས་མཁོ་ཡོད་མེད་བལྟ་དགོཔ་སྦེ་ བཀའ་རྒྱ་ནང་བཀོད་ནུག།
ད་རུང་ ལྷན་ཁག་གིས་ རྒེད་དྲུང་དང་ རྒེད་འོག་བདག་སྐྱོང་༢ ལས་ གཅིག་བཞག་པ་ཅིན་ བྱ་སྟབས་བདེ་ཧིང་ ག་དེ་སྦེ་ ཡོདཔ་ཨིན་ན་ཚུ་ཡང་ བསྐྱར་ཞིབ་འབད་དགོཔ་བཞིན་དུ་ གལ་སྲིད་ དགོས་མཁོ་ཡོད་པ་ཅིན་ རྒེད་དྲུང་ཚུ་གི་དོན་ལུ་ འགན་ཚད་ཅིག་ ཟིན་བྲིས་བཏབ་སྟེ་ གྲ་སྒྲིག་འབད་དགོ་ཟེར ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སྐལ་བཟང་དབང་འདུས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༢ ལུ་བཏོན་མི་ བཀའ་རྒྱ་ནང་ གསལ་བཀོད་འབད་ནུག།
བཀའ་རྒྱ་ནང་ གནད་དོན་དེ་ ནང་སྲིད་ལྷན་ཁག་དང་ ལྷན་རྒྱས་གཞུང་ཚོགས་ དེ་ལས་ དངུལ་རྩིས་ལྷན་ཁག་གི་ ཁྲིམས་དོན་འགོ་དཔོན་ཚུ་ གཅིག་ཁར་སྡོད་ཐོག་ལས་ ཁྲིམས་མཐུན་ཡོད་མེད་ཚུ་ བརྟག་ཞིབ་འབད་དགོ་ཟེར་བཀོད་ནུག།
གནད་དོན་དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ཟླ་༣ པའི་ཚེས་༦ ལུ་ ཁག་འབག་གི་ གནས་ཡུན་ཚང་མི་ རྒེད་དྲུང་༧༤ གི་ ཁག་འབག་ཆ་མེད་བཏང་པའི་ཤུལ་ལས་ ཐོན་ཡོདཔ་ཨིན་པས།
ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་གྱིས་ བཤད་མིའི་ནང་ རྒྱལ་ཡོངས་ཚོགས་འདུ་སྐབས་ རྒེད་འོག་ནང་ རྒེད་དྲུང་དགོས་མཁོ་ཡོད་མེད་ བལྟ་ནིའི་དོན་ལུ་ དུས་ཡུན་ཟླཝ་༣ ཕར་འགྱངས་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷན་རྒྱས་གཞུང་ཚོགས་ཀྱིས་ དུས་ཡུན་ཡར་སེང་འབད་ཡོད་པའི་ བཀའ་རྒྱ་དང་དང་འཁྲིལ་ཏེ་ རྒེད་དྲུང་གི་ འགན་ཚད་ཚུ་ བཟོ་ནི་ལུ་ ལཱ་འབད་འོང་ཟེར་ཨིན་པས།
ནང་སྲིད་བློན་པོ་གིས་ ད་རེས་ རྒེད་འོག་ནང་ བདག་སྐྱོང་འགོ་དཔོན་དང་ རྒེད་དྲུང་དགོས་མཁོ་ཡོད་མེད་ བལྟ་དགོཔ་བྱུང་མི་དེ་ཡང་ རྒེད་དྲུང་ཡོད་པ་ཅིན་ བདག་སྐྱོང་འགོ་དཔོན་ དགོས་མཁོ་མེད་པའི་ ལོ་རྒྱུས་ཐོན་མི་ལུ་བརྟེན་ཨིན་རུང་ རྒེད་འོག་ནང་ རྒེད་དྲུང་དང་ བདག་སྐྱོང་འགོ་དཔོན་༢ ཀྱི་ འགན་ཁུར་སོ་སོ་ཨིནམ་ལས་ གཉིས་ཆ་ར་ དགོཔ་འདུག་ཟེར་ཨིན་པས།
ད་རེས་ རྒེད་འོག་༢༠༥ ཡོད་མིའི་གྲས་ལས་ རྒེད་འོག་༡༥ ནང་ བདག་སྐྱོང་འགོ་དཔོན་མེད་པའི་ཁར་ བདག་སྐྱོང་འགོ་དཔོན་༣༢ དེ་ ལོ་༢ ཀྱི་ ཁག་འབག་ཐོག་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུ་ ཚོགས་ཐེངས་དང་པའི་ནང་ རྒེད་དྲུང་ཚུ་ རང་འཇགས་བཞག་ནི་དང་ རབ་བྱུང་པ་ཅིན་ ཞི་གཡོགཔ་གཞན་བཟུམ་སྦེ་ བཞག་ནི་གི་ གྲོས་ཆོད་བྱུང་ཡོད་རུང་ དེ་ལུ་ ལྷན་ཚོགས་ལས་ ཆ་གནས་མ་འབད་མས།
ནང་སྲིད་ལྷན་ཁག་གིས་ སྤྱི་ཟླ་༣ པའི་ཚེས་༥ ལུ་ རྒྱལ་ཡོངས་ཚོགས་འདུའི་ གྲོས་ཆོད་དང་འཁྲིལ་ཏེ་ ལྷན་ཁག་གི་ཁ་ཐུག་ལས་ རྒེད་དྲུང་གི་འགན་ཚད་ བསྐྱར་ཞིབ་མཐིལ་ཕྱིན་འབད་མ་ཚར་ཚུན་ གནས་སྐབས་ཅིག་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཞལ་བཀོད་དང་བསྟུན་ རྒེད་དྲུང་གི་ གནས་ཡུན་དེ་ སྤྱི་ཟླ་༦ པ་ཚུན་ ཟླ་ངོ་༣ གྱི་རིང་ ཕར་འགྱངས་འབད་ཡོད་པའི་ ཡིག་ཚང་བཀའ་རྒྱ་ཅིག་ཡང་གནང་ནུག།
ཨིན་རུང་ ལྷན་ཚོགས་ལུ་ གཞུང་ལས་ རྒེད་དྲུང་ཚུ་གི་ གནས་ཡུན་དེ་ ཕར་འགྱངས་འབད་དགོ་པའི་ བཀའ་རྒྱ་མ་ལྷོད་མི་ལུ་བརྟེན་ ལྷན་ཚོགས་ཀྱིས་ ཆ་མེད་བཏང་ནུག།
ནང་སྲིད་ལྷན་ཁག་གི་དྲུང་ཆེན་ བསོད་ནམས་སྟོབས་ཀྱིས་ སླབ་མིའི་ནང་ ཡིག་ཚང་བཀའ་རྒྱ་དང་འཁྲིལ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲལ་གཏོགས་འབད་ཐོག་ལས་ ཁ་གསལ་སྦེ་ བརྟག་ཞིབ་འབད་དེ་ ལྷན་རྒྱས་གཞུང་ཚོགས་ལུ་ སྙན་ཞུ་ཕུལ་འོང་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *