རྒཔོ་ཚུ་གིས་ སྤྱི་སྙོམས་ཉུང་མཐའི་མ་དངུལ་ ལག་ལེན་གྱི་དབང་ཚད་ དགོ་པའི་ཞུ་བ།

༉ སྤྱི་སྙོམས་ཉུང་མཐའི་མཐུན་རྐྱེན་གྱི་དོན་ལུ་ མ་དངུལ་གྱི་དབང་ཚད་ རྒེད་འོག་བདག་སྐྱོང་ལུ་མེདཔ་ལས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ གོང་འཕེལ་དང་འབྲེལ་བའི་ ལཱ་འབད་བའི་སྐབས་དང་ གློ་བུར་རྐྱེན་ངན་འཛིན་སྐྱོང་གི་དོན་ལུ་ བྱ་སྟབས་མ་བདེ་བའི་ ཉོགས་བཤད་ཚུ་ བཀོདཔ་ཨིན་པས།
དེ་ཡང་ མོང་སྒར་རྫོང་ཁག་ རྩ་མང་གི་རྒཔོ་ བསོད་ནམས་དར་རྒྱས་ཀྱིས་ སླབ་མིའི་ནང་ མ་དངུལ་ལོགས་སུ་སྦེ་ མེད་མི་ལུ་བརྟེན་ དུས་ཅི་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ནང་ ས་གནས་ཐདམ་ཐད་ཁ་ལས་ཕར་ འཁོར་ལམ་མེདཔ་བཏང་སྟེ་ གཡུས་སྒོ་ལ་ལུ་ཅིག་ནང་ སྣུམ་འཁོར་ཡང་ མ་ཐལ་བར་ཡོད་མི་ཚུ་ ད་ལྟོ་ཡང་ སེལ་མ་ཚུགས་པར་ཡོད་ཟེར་ཨིན་པས།
རྒེད་འོག་རེ་རེ་ལུ་ ལོ་ལྔའི་འཆར་གཞི་ནང་ ལོ་བསྟར་གནང་བྱིན་མ་བརྩིས་བར་ སྤྱི་སྙོམས་ཉུང་མཐའི་མ་དངུལ་ བསྡོམས་ ས་ཡ་༢༠༠ རེ་ ཐོབ་དོ་ཡོདཔ་ད་ སྤྱི་སྙོམས་ཉུང་མཐའི་མ་དངུལ་དེ་ རྫོང་ཁག་གིས་ བྱིན་དོ་ཡོདཔ་ད་ ལཱ་གི་གཙོ་རིམ་དང་ འཆར་གཞི་དེ་ རྒེད་འོག་གིས་ བརྩམ་ཨིན་པས།
རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་འོགམ་ ན་རང་རྒཔོ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ གནང་བྱིན་མ་དངུལ་དེ་ འཆར་གཞི་ནང་ཚུད་མི་ ལས་སྣ་ཚུ་གི་དོན་ལུ་ རྐྱངམ་གཅིག་ཨིནམ་ལས་ གློ་བུར་གྱི་ རྐྱེན་ངན་ཚུ་ཐོནམ་ད་ མ་དངུལ་སོ་སོར་མེད་པར་ གོང་འཕེལ་གྱི་ དམིགས་གཏད་འགྲུབ་ནི་ལུ་ གདོང་ལེན་སྦོམ་བྱུངམ་མས་ཟེར་ཨིན་པས།
གནད་དོན་དེ་ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ རྫོང་ཁག་ཚོགས་འདུ་ནང་ཡང་ གྲོས་བསྡུར་བྱུང་ནུག།
རྒཔོ་ཅིག་གིས་ སླབ་མིའི་ནང་ སྤྱི་སྙོམས་ཉུང་མཐའི་མ་དངུལ་དེ་ མ་གཞི་ རྫོང་ཁག་དང་ རྒེད་འོག་ག་གིས་ ལག་ལེན་འཐབ་རུང་ དམིགས་ཡུལ་གཅིག་ཨིན་རུང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་དང་འཁྲིལ་ རྒེད་འོག་གནང་བྱིན་བཟུམ་སྦེ་ སྤྱོད་ནི་གི་དབང་ཚད་ རྒེད་འོག་ལུ་ གནང་དགོཔ་འདུག་ཟེར་ཨིན་པས།
ཤེལ་རི་མུ་ཧཱུྂ་རྒཔོ་ ཨོ་རྒྱན་གྱིས་ སླབ་མིའི་ནང་ སྤྱི་སྙོམས་ཉུང་མཐའི་མ་དངུལ་གྱི་ ལམ་སྟོན་དང་འཁྲིལཝ་ད་ སོ་ནམ་ཞིང་ལམ་ ལེགས་བཅོས་འབད་ནིའི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་དགོཔ་སྦེ་ ཡོད་ནི་དེ་གིས་ ལས་སྣ་གཞན་ཚུ་ནང་ ལག་ལེན་འཐབ་མ་བཏུབ་མི་ལུ་བརྟེན་ ས་རུད་ཀྱིས་ཆད་མི་ལམ་ཚུ་ སེལ་མ་ཚུགས་པར་ མ་དངུལ་གྱི་དོན་ལུ་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ལུ་ ཡི་གུ་ཡང་ བྲིས་ཡི་ཟེར་ཨིན་པས།
ཨིན་རུང་ མ་དངུལ་ལོགས་སུ་སྦེ་ མེད་མི་ལུ་བརྟེན་ རྫོང་ཁག་དངུལ་རྩིས་ཚོགས་ཆུང་གིས་ དུས་ཅི་ གནམ་བྱཱར་ལུ་ མེདཔ་བཏང་མི་ འཁོར་ལམ་ཚུ་ ཉམས་བཅོས་འབད་ནིའི་དོན་ལུ་ སྤྱི་སྙོམས་ཉུང་མཐའི་མ་དངུལ་ ལག་ལེན་འཐབ་ཆོག་པའི་ གནང་བ་བྱིན་མི་དང་བསྟུན་ རྒེད་འོག་ཚུ་གིས་ ལམ་སེལ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རྒཔོ་ཨོ་རྒྱན་གྱིས་འབད་བ་ཅིན་ དུས་ཅི་ ཨ་བརྒྱ་གནས་ལུ་ བཛྲ་གུ་རུ་དུང་སྒྲུབ་བསག་གནང་ནི་ཨིནམ་ལས་ དེ་ནང་ བླ་སྤྲུལ་ཚུ་གིས་གཙོས་པའི་ མགྱོནམ་ལེ་ཤ་འགྲོ་འགྲུལ་འབད་ནིའི་དོན་ལུ་ གསེར་གཞོང་ལས་ ཡ་རབ་གཡུས་མཇུག་ཚུན་ ཀི་ལོ་མི་ཊར་༡༧ འབད་མི་ སོ་ནམ་ཞིང་ལམ་ སེལ་ནི་ལུ་ གཙོ་རིམ་བྱིན་ཏེ་ཡོད་ཟེར་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ སྤྱི་སྙོམས་ཉུང་མཐའི་མ་དངུལ་དེ་ དངུལ་རྩིས་ལྷན་ཁག་གིས་ རྫོང་ཁག་གི་ རྩིས་ཁྲ་ནང་ བཙུགས་བྱིན་མི་དེ་ཡང་ ཕྱིའི་གྲོགས་རམ་བྱིན་མི་ཚུ་ལུ་ སྙན་ཞུ་འབད་ནི་དང་ ལྟ་རྟོག་གི་དོན་ལུ་ཨིན་ཟེར་བཤདཔ་ཨིན་པས།
རྫོང་ཁག་འཆར་གཞི་འགོ་དཔོན་ འཕྲིན་ལས་ཀྱིས་ སླབ་མིའི་ནང་ ལམ་སྟོན་དང་འཁྲིལཝ་ད་ སྤྱི་སྙོམས་ཉུང་མཐའི་མ་དངུལ་དེ་ ཁྲོམ་ཁར་འབད་བ་ཅིན་ མི་ལམ་དང་ འཁོར་ལམ་ཉམས་བཅོས་ལ་སོགས་པའི་ མཐུན་རྐྱེན་ཚུ་གཞི་བཙུགས་དང་ ལེགས་བཅོས་ཀྱི་དོན་ལུ་དང་ རྒེད་འོག་ནང་འབད་བ་ཅིན་ གློག་མེའི་མཐུན་རྐྱེན་དང་ སོ་ནམ་ཞིང་ལམ་ གསརཔ་སེལ་ནི་དང་ ལེགས་བཅོས་ཀྱི་དོན་ལུ་ ལག་ལེན་འཐབ་དགོཔ་སྦེ་ བཀོད་དེ་ཡོད་ཟེར་ཨིན་པས།
མ་གཞི་ དུས་ཅིའི་ རྐྱེན་ངན་ལུ་བརྟེན་པའི་ ལམ་སེལ་ནིའི་དོན་ལུ་ རྫོང་ཁག་དངུལ་རྩིས་ཚོགས་ཆུང་གིས་ སྤྱི་སྙོམས་ཉུང་མཐའི་མ་དངུལ་ ལག་ལེན་འཐབ་ཆོག་པའི་ གནང་བ་བྱིན་ནི་དེ་གིས་ རྒེད་འོག་གི་ འགོ་དཔོན་ཚུ་ སེམས་དང་མ་ལྡན་ཡོད་རུང་ སང་ཕོད་ལས་ མ་དངུལ་ག་ཏེ་ལས་ འཐོབ་ཚུགས་ནི་ཨིན་ནའི་ ཚ་གྱང་ལང་སྟེ་འདུག།
ཨིན་རུང་ རྫོང་ཁག་འཆར་གཞི་འགོ་དཔོན་གྱིས་ བཤད་མིའི་ནང་ དགོས་མཁོ་ཡོད་པ་ཅིན་ རྒེད་འོག་ཚུ་གིས་ འཆར་གཞི་བརྩམ་པའི་སྐབས་ རྐྱེན་ངན་འཛིན་སྐྱོང་གི་དོན་ལུ་ མ་དངུལ་ལོགས་སུ་སྦེ་ ལོ་བསྟར་གནང་བྱིན་ནང་ བཞག་ཐབས་ཡོདཔ་མ་ཚད་ དེ་མིན་རུང་ རྐྱེན་ངན་ཚུ་གི་སྐབས་ལུ་ རྒེད་འོག་ཚོགས་སྡེ་བརྒྱུད་དེ་ མ་དངུལ་ལོག་བགོ་བཀྲམ་འབད་དེ་ གཙོ་རིམ་ལོག་སྒྲིག་ཐབས་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *