རྐང་པ་ར་རྒེད་འོག་ལྟེ་བའི་འཁོར་ལམ་ ས་རུད་ཀྱིས་ འཕྱགས་བདའ་ཡོདཔ།

༉ བཀྲིས་སྒང་ལུ་ བདུན་ཕྲག་ལྷགཔ་ཅིག་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ མཁའ་རུང་ལ་ལས་ རྐང་པ་ར་རྒེད་འོག་ཁ་ཐུག་གི་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ ས་རུད་ཀྱིས་ རྒྱ་སྦོམ་སྦེ་ར་ འཕྱགས་བདའ་ཡོདཔ་ཨིན་པས།
དེ་ཡང་ མཁའ་རུང་ལ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་གནས་ མི་སུབ་ཀ་ཡེས་ཟེར་ས་ལུ་ཨིན་པས།
རྐང་པ་ར་རྒཔོ་ སངས་རྒྱས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བདུན་ཕྲག་ལྷགཔ་ཅིག་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ འཁོར་ལམ་འཕྱགས་བདའ་ནུག་ཟེར་ཨིནམ་ད་ ད་ལྟོ་ ཆརཔ་མ་ཆད་པར་རྐྱབ་དོ་ཡོདཔ་ལས་ རྡོ་དང་ས་རུད་ཚུ་ ཆད་འོང་དོ་ཡོདཔ་ལས་ འགྲུལ་པ་ཚུ་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྣུམ་འཁོར་ཚུ་ ས་གནས་བརྒྱུད་དེ་ འགྲོ་འགྲུལ་འབད་མ་ཚུགས་པར་ བདུན་ཕྲག་༡ དེ་ཅིག་སོང་ཡི་ཟེར་ཨིནམ་ད་ འགྲུལ་པ་ཚུ་ རྐང་པ་ར་ལུ་ འགྱོ་ནིའི་དོན་ལས་ ཟུར་ལམ་བཀྲིས་གཡང་ཕུག་བརྒྱུད་དེ་ ཁྲིམས་ཤིང་ལས་ འཐོན་འགྱོ་ནི་ཡོད་ཟེར་ཨིན་པས།
འགྲུལ་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཆུད་ཆད་མི་དང་ རྡོ་བུད་མི་ལུ་བརྟེན་ ལམ་ཐལ་རུང་ འགྲོ་འགྲུལ་འབད་ནི་དེ་ཉེན་ཁ་འདུག་ཟེར་ཨིནམ་ད་ འཁོར་ལམ་བསལ་ནིའི་དོན་ལུ་ རྒེད་འོག་ལུ་ ས་རྐོ་འཕྲུལ་ཆས་མེདཔ་ལས་ དུས་ཚོད་འགོར་ནི་མས་ཟེར་ཨིན་པས།
རྒེད་འོག་བཟོ་རིག་འགོ་དཔོན་ ནོར་བུ་རྒྱལ་མཚན་གྱིས་ སླབ་མིའི་ནང་ འཁོར་ལམ་གྱི་གཞི་འགྱམ་ མི་ཊར་༡༡༥ དེ་ཅིག་རྩ་བ་ལས་ར་ འཕྱགས་བདའ་ནུག་ཟེར་ཨིནམ་ད་ འཁོར་ལམ་བསལ་མི་བཙུགས་ཡོད་རུང་ ཆརཔ་མ་ཆད་པ་རྐྱབ་མི་ལུ་བརྟེན་ ལཱ་འབད་ནི་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
འཁོར་ལམ་ནམ་བསལ་ཚུགས་ག་ ཏན་ཏན་སྦེ་ སླབ་མི་ཚུགས་པས་ཟེར་ཨིནམ་ད་ ཟུལ་ལམ་ཡོདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ འཁོར་ལམ་བསུབས་མི་ཙུ་ སེལ་བཞིན་དུ་ཡོདཔ་ད་ རྒེད་འོག་ལྟེ་བའི་ འཁོར་ལམ་མ་ཚད་པར་ སོ་ནམ་ཞིང་ལམ་ཡང་ ལེ་ཤ་ཅིག་ར་ བསུབས་ཡོདཔ་ཨིན་པས།
རྐང་པ་ར་རྒེད་འོག་ལྟེ་བའི་འཁོར་ལམ་དེ་ ཁྲིམས་ཤིང་རྒེད་འོག་གི་ གཡུས་ཚན་དག་པ་ཅིག་དང་ མཁའ་གླིང་རྒེད་འོག་གི་ མི་སེར་ཚུ་གིས་ཡང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཤེས་རྟོགས་བྱུང་མིའི་ནང་ ཁྲིམས་ཤིང་གི་ མི་སེར་མང་ཤོས་ཅིག་གིས་ བཀྲིས་སྒང་ལུ་འོང་པ་ཅིན་ རྐང་པ་ར་རྒེད་འོག་ལྟེ་བའི་འཁོར་ལམ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
འཁོར་ལམ་དེ་ སོར་ནི་དང་ ཡང་ཅིན་ གནམ་དགུན་ལུ་ བསལ་ནི་མ་གཏོགས་ ད་ལྟོའི་གནས་སྟངས་ནང་ འཕྲུལ་ཆས་བཙུགས་ཏེ་ བསལ་ཚུགས་པའི་ ཐབས་ལམ་ཅིག་མ་མཐོང་ཟེར་ རྒཔོ་གིས་ སླབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *