ཁ་ཙ་ འཛམ་གླིང་འཆོལ་ནད་ཉིནམ་དང་འབྲེལ་ ཆུ་བར་ཆུ་སྒོ་ནོར་སྨན་ཁང་ནང་ སྒོ་ནོར་སྨན་པ་གིས་ རོ་ཁྱི་ལུ་ འཆོལ་ནད་བཀག་ཐབས་ཀྱི་ སྨན་ཁབ་རྐྱབ་པའི་བསྒང་།

རོ་ཁྱིའི་འཆོལ་ནད་ སྔོན་འགོག་འབད་དགོ་པ་ཅིན་ སྨན་ཁབ་དང་ གཤག་བཅོས་འབད་དགོཔ།

༉ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ རོ་ཁྱི་བརྒྱ་ཆ་༧༠ དེ་ཅིག་ལུ་ སྨན་ཁབ་དང་ གཤག་བཅོས་ འབད་ཚུགས་པ་ཅིན་ འཆོལ་ནད་བཀག་འཛིན་འབད་ཚུགས་ཟེར་ཨིན་པས།
དེ་འབདཝ་ད་ འབྲུག་ལུ་ རོ་ཁྱི་བརྒྱ་ཆ་༧༠ ལྷགཔ་ཅིག་ སྨན་ཁབ་རྐྱབ་ནི་དང་ ཤ་བཏོག་ནི་གི་ ལས་རིམ་ག་དེམ་ཅིག་ར་ འགོ་འདྲེན་འཐབ་སྟེ་འབད་རུང་ རྒྱ་གར་གྱི་ ས་མཚམས་བདའ་སྟེ་ རོ་ཁྱི་ཚུ་ གཤག་བཅོས་དང་ ནད་བཀག་སྨན་ཁབ་བཙུགས་ནི་མེདཔ་ལས་ འཆོལ་ནད་རེ་གཉིས་ ཐོན་བཞིན་དུ་ཡོདཔ་ཨིན་པས།
ཐིམ་ཕུག་གསར་སྦིས་ཐང་ སྒོ་ནོར་གསོ་བ་ལྟེ་བའི་ སྨན་བཅོས་གཙོ་འཛིན་འོགམ་ ཧི་རུ་ཀ་ མ་ཧཱཊ་གིས་ སླབ་མིའི་ནང་ མ་གཞི་ སྤྱི་ལོ་༢༠༣༠ ནང་འཁོད་ལུ་ རྒྱལ་སྤྱིའི་ནང་ རོ་ཁྱིའི་འཆོལ་ནད་ལུ་བརྟེན་པའི་ མི་ཕུད་རྡོག་གཅིག་ལུ་ར་ ཤི་རྐྱེན་མེདཔ་བཟོ་ནི་གི་ དམིགས་གཏད་ཡོད་རུང་ འབྲུག་ལུ་ སྤྱི་ལོ་༢༠༢༣ ལས་ རྩ་མེད་གཏང་ནིའི་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ཨིན་པས།
འཆོལ་ནད་དེ་ དབང་རྩའི་རིང་ལུགས་ལུ་གནོད་པའི་ ནད་གཞི་སྡུག་དྲགས་ཅིག་ཨིནམ་ད་ མི་ཚུ་གིས་ ནད་གཞི་ཐོབ་ཡོད་པའི་ རྟགས་མཚན་ཡང་ འཆོལ་ནད་ཐོབ་མི་ སེམས་ཅན་ཚུ་གིས་ སོ་བཏབ་པའི་ཤུལ་ལུ་ ཧ་ཤོས་ཉིནམ་༡༠ གྱི་ནང་འཁོད་ལུ་ ཁོང་ཁྲོ་དང་ ཙིག་མུ་ལང་ནི་ སེམས་སྐྱོ་ནི་ བཞེས་སྒོ་ལྐོད་མར་ཐོགས་ནི་ དབུགས་གཏོང་ལེན་གྱི་དཀའ་ངལ་ ཁ་ལས་ཚིལ་མ་དང་ ལྦ་ག་འཐོན་ནི་ དེ་ལས་ ཨོལ་ལྐོག་གི་ རྩ་བསྡམ་ནི་ལ་སོགས་པ་ འབྱུང་ནི་ཨིན་པས།
ལྟེ་བ་གིས་ སྤྱི་ལོ་༢༠༡༣ ལུ་ ས་མཚམས་བདའ་སྟེ་ སྤྱང་ཁྱི་ཚུ་ལུ་ སྨན་ཁབ་རྐྱབ་ནིའི་ ལས་རིམ་འགོ་བཙུགས་ཡོད་རུང་ ས་གནས་དེ་ཚུ་ནང་ ལོ་བསྟར་བཞིན་དུ་ རོ་ཁྱི་༧-༢༠ གི་བར་ན་ འཆོལ་ནད་ཐོབ་ཡོད་པའི་ སྙན་ཞུ་ལྷོད་དོ་ཡོདཔ་ཨིན་པས།
སྒོ་ནོར་སྨན་བཅོས་གཙོ་འཛིན་འོགམ་གིས་ བཤད་མིའི་ནང་ ན་ཧིང་ བཀྲིས་སྒང་ལུ་ འཆོལ་ནད་ཁྱབ་སྤེལ་སོང་མི་དེ་ རྒྱ་གར་གྱི་མངའ་སྡེ་ ཨ་རུ་ན་ཅཱལ་ པར་དེཤ་ལས་ ཐོབ་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ཟླཝ་༡ གི་ནང་འཁོད་ལུ་ འཆོལ་ནད་རེ་གཉིས་རེ་ ཐོན་དོ་ཡོད་མི་དེ་ཡང་ མང་ཤོས་ར་ སྤྱང་ཁྱི་ཚུ་ལུ་བརྟེན་ ཐོབ་དོ་ཡོདཔ་ཨིན་པས།
ཌོག་ཊར་ཧི་རུ་ཀ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༠ ལུ་ སྒོ་ནོར་ལས་ཁུངས་དང་ རྒྱལ་སྤྱི་འགྲོ་བ་མི་སྡེའི་མཉམ་འབྲེལ་ཐོག་ལས་ རྒྱལ་ཡོངས་རོ་ཁྱི་གྱངས་ཁ་འཛིན་སྐྱོང་དང་ འཆོལ་ནད་བཀག་འཛིན་ལས་འགུལ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ རོ་ཁྱི་ཚུ་ལུ་ ཤ་བཏོག་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
རྒྱལ་ཁབ་ནང་ རོ་ཁྱི་མང་ཤོས་ར་ ཐིམ་ཕུག་ལུ་ཡོདཔ་ལས་ འཆོལ་ནད་བཀག་འཛིན་འབད་ནིའི་དོན་ལུ་ ལྟེ་བ་དང་ ཁྲོམ་སྡེའི་བར་ན་ གན་ཡིག་ཅིག་ཡང་ བཟོ་སྟེ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ རོ་ཁྱི་སྨན་ཁབ་དང་ ཤ་བཏོག་ནིའི་ ལས་རིམ་འགོ་བཙུགས་མི་ལུ་བརྟེན་ ད་རེས་ནངས་པར་ རོ་ཁྱིའི་ཕྱུག་གུ་ དེ་ཅིག་ར་ མཐོང་ནི་མེད་ཟེར་ཨིན་པས།
འཆོལ་ནད་དེ་ཡང་ ལྷོ་ཕྱོགས་ཀྱི་ས་གནས་ བསམ་རྩེ་དང་ གསར་སྤང་ དགེ་ལེགས་ཕུག་ ཕུན་ཚོགས་གླིང་ དཔག་བསམ་ཁ་ བསམ་གྲུབ་ལྗོངས་མཁར་དང་ སྒོམ་ཀྲུ་ལུ་ ཐོན་དོ་ཡོདཔ་ཨིན་པས།
ཁ་ཙ་ འཛམ་གླིང་འཆོལ་ནད་ཀྱི་ ཉིནམ་བརྩི་སྲུང་འབདཝ་དང་འབྲེལ་ མི་མང་དང་ སློབ་ཕྲུག་ དེ་ལས་ མི་སྡེ་ནང་ ནད་གཞིའི་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ་ད་ ཉིནམ་དེ་ཡང་ སྤྱི་ལོ་༢༠༣༠ ལུ་ འཆོལ་ནད་ལུ་བརྟེན་ མི་ཕུད་རྡོག་གཅིག་ལུ་ཡང་ ཤི་རྐྱེན་མེདཔ་བཟོ་ནི་གི་ བརྗོད་དོན་ཐོག་ལུ་ བདུན་ཕྲག་༡ གི་རིང་ བརྩི་སྲུང་འབད་ནི་ཨིན་པས།
ཧི་རུ་ཀ་ མ་ཧཱཊ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ སྤྱང་ཁྱིའི་གྱངས་ཁ་ མར་ཕབ་རྐྱབ་ཚུགས་པ་ཅིན་ འཆོལ་ནད་དེ་ཡང་ རང་བཞིན་གྱིས་ར་ བཀག་འཛིན་འབད་ཚུགས་ཟེར་ཨིནམ་ད་ ད་ཚུན་གྱི་བར་ན་ འབྲུག་ལུ་ རོ་ཁྱི་༧༠,༠༠༠ དེ་ཅིག་ སྨན་ཁབ་དང་ གཤག་བཅོས་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་སྒོ་ནོར་སྨན་ཁང་གི་ཌོག་ཊར་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱང་ཁྱིའི་གྱངས་ཁ་དེ་ མི་རློབས་དང་ ཕྱགས་སྙིགས་ལུ་བརྟེན་ ཡར་འཕར་འགྱོ་དོ་ཡོདཔ་ལས་ ཚད་འཛིན་གྱི་དོན་ལུ་ ཕྱགས་སྙིགས་ཚུ་ ལེགས་ཤོམ་སྦེ་ འཛིན་སྐྱོང་དང་ རོ་ཁྱི་ཚུ་ལུ་ གཤག་བཅོས་འཕྲོ་མཐུད་དེ་ར་ འབད་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ རང་སོའི་ཁྱིམ་ནང་ཡོད་མི་ རོ་ཁྱི་ཚུ་ཡང་ བཏང་མ་བཞག་པར་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་པ་ཅིན་ འཆོལ་ནད་དེ་ ཚད་འཛིན་འབད་ཚུགས་ཟེར་ཨིན་པས།
མ་གཞི་ རོ་ཁྱིམ་དང་ བྱི་ལི་ཚུ་ གཤག་བཅོས་དང་ སྨན་ཁབ་ཀྱི་དོན་ལུ་ ཐོ་བཀོད་འབད་བའི་སྐབས་ འཐུས་དུམ་གྲ་རེ་ ཕོག་དོ་ཡོད་རུང་ ཁ་ཙ་ འཛམ་གླིང་འཆོལ་ནད་ཉིནམ་དང་འབྲེལ་ མི་ཚུ་ལུ་ རིན་མེད་སྟོང་པ་སྦེ་ ཞབས་ཏོག་བྱིན་ཡི་ཟེར་ ཌོག་ཊར་ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༠༦ དང་༢༠༡༦ གི་བར་ན་ རྒྱལ་ཁབ་ནང་ འཆོལ་ནད་ལུ་བརྟེན་ མི་༡༦ ལུ་ ཤི་རྐྱེན་བྱུང་མི་ཚུ་ཡང་ མང་ཤོས་ར་ སྨན་བཅོས་མ་འབད་མི་ལུ་བརྟེན་ཨིན་རུང་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ འཆོལ་ནད་ཀྱི་ སྙན་ཞུ་མེདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *