བདེ་ཆེན་ཆོས་གླིང་ གདང་རས་ནང་སྡོད་མི་ཚུ་གིས་ མལ་ལུད་བཟོ་ནིའི་སྐོར་ལས་ ལྷབ་སྦྱང་འབད་བའི་བསྒང་།

རུལ་བཏུབ་མི་ཕྱགས་སྙིགས་ཚུ་ ཐོན་ས་ལས་ར་ མར་ཕབ་རྐྱབ་ནིའི་ཐབས་བྱུས།

༉ རུལ་བཏུབ་པའི་ ཕྱགས་སྙིགས་ཚུ་ ཕྱགས་སྙིགས་བཀོག་ས་ལུ་ འབག་འོང་ནི་དང་ ཕྱགས་སྙིགས་ཐོན་ས་ལས་ར་ མར་ཕབ་རྐྱབ་ནིའི་དོན་ལུ་ ཐིམ་ཕུག་ཁྲོམ་སྡེ་གིས་ ཕྱགས་སྙིགས་ལུ་བརྟེན་པའི་ ལུད་བཟོ་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་འགོ་དཔོན་ཚུ་གིས་ ཕྱགས་སྙིགས་ཀྱི་ ལུད་བཟོ་ཐངས་ཀྱི་ སྦྱོང་བརྡར་ཚུ་ཡང་ མང་ཤོས་ར་ བདུན་ཕྲག་ངལ་གསོའི་སྐབས་ བྱིན་དོ་ཡོདཔ་ད་ སྦྱོང་བརྡར་དེ་ཡང་ དུས་ཅི་ སྤྱི་ཟླ་༣ པ་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ ས་ཁོངས་དང་ བསྟན་སྲུང་དམག་སྡེ་ དེ་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ས་ཁོངས་ཀྱིས་མ་ཚད་པར་ ཟིལ་གནོན་རྣམ་རྒྱལ་གླིང་སློབ་གྲྭ་ཆུང་བ་དང་ ལི་ཊཱལ་ཌེའི་གཱོན་ དེ་ལས་ འཇིགས་མེད་རྣམ་རྒྱལ་སློབ་གྲྭ་ཚུ་ནང་ འགོ་བཙུགས་ཡོདཔ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེའི་ མཐའ་འཁོར་གནས་སྟངས་འགོ་དཔོན་ ཚེ་རིང་དབྱངས་འཛོམས་ཀྱིས་ སླབ་མིའི་ནང་ གཙུག་སྡེ་ཚུ་གིས་ ཕྱགས་སྙིགས་ཚུ་ ལེ་ཤ་ཐོན་སྐྱེད་འབད་དོ་ཡོདཔ་ལས་ དེ་ནང་ དམིགས་གཏད་བསྐྱེད་དོ་ཟེར་ཨིནམ་ད་ ཕྱགས་སྙིགས་ཀྱིས་བཟོ་མི་ལུད་ཚུ་ མེ་ཏོག་ལྡུམ་ར་དང་ ས་ཁོངས་མཛེས་ཆ་ལྡནམ་སྦེ་ བཟོ་ནི་ལུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མ་འོངས་པར་ གལ་སྲིད་ ཕྱགས་སྙིགས་ཚུ་ལུ་བརྟེན་ མལ་ལུད་ལེ་ཤ་སྦེ་ ཐོན་སྐྱེད་འབད་ཚུགས་པ་ཅིན་ ཁོང་ར་ལས་ ལོག་ཉོ་ནི་ཨིན་ཟེར་ཨིན་པས།
གལ་སྲིད་ ཁོང་གིས་འཕྲོ་མཐུད་དེ་ར་ མལ་ལུད་བཟོ་པ་ཅིན་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ གྱངས་ཁ་ཡང་ མར་འབབ་འགྱོ་བའི་ཁར་ སྐྱེལ་འདྲེན་གྱི་འཐུས་ གསོག་འཇོག་དང་ ཕྱགས་སྙིགས་ཚུ་ ཐད་ཀར་དུ་ མལ་ལུད་བཟོ་སར་ བསྐྱལ་ནི་ཨིནམ་ལས་ ཕྱགས་སྙིགས་བཀོག་སའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གིས་ ཉིན་བསྟར་བཞིན་དུ་ ཕྱགས་སྙིགས་མེ་ཊིག་ཊཱོན་༥༣ ཐོན་སྐྱེད་འབད་མིའི་ནང་ལས་ མེ་ཊིག་ཊཱོན་༥༢.༩ དེ་ཅིག་ རུལ་བཏུབ་པའི་ ཕྱགས་སྙིགས་ཚུ་ཨིནམ་ད་ ཕྱགས་སྙིགས་ཚུ་ཡང་ མེ་མེ་ལ་ཁ་ལུ་ཡོད་པའི་ ཕྱགས་སྙིགས་བཀོག་ས་ལུ་ འབག་བསྐྱལ་དོ་ཡོདཔ་ད་ ཁྲོམ་སྡེ་གིས་ དུས་ཅི་ ལོ་མཇུག་བསྡུ་ཁམས་ལུ་ མེ་མེ་ལ་ལུ་ཡང་ མལ་ལུད་བཟོ་ནིའི་ འཕྲུལ་ཁང་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཚེ་རིང་དབྱངས་འཛོམས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༠ ལུ་ བདུན་ཕྲག་རེ་ལུ་ ཕྱགས་སྙིགས་མེ་ཊིག་ཊཱོན་༣ གྱི་དོན་ལུ་ གསར་སྦིས་ཐང་ལུ་ མལ་ལུད་འཕྲུལ་ཁང་ཅིག་ གཞི་བཙུགས་འབད་ཡོད་རུང་ མི་རློབས་ཡར་སེང་སོང་མི་ལུ་བརྟེན་ ཕྱགས་སྙིགས་ཚུ་ཡང་ དུས་དང་དུས་སུ་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
མལ་ལུད་ཀྱི་ འཕྲུལ་ཁང་དེ་ཡང་ སྤྱིར་བཏང་འཕྲུལ་རིག་ཐོག་ལུ་ ལག་ལེན་འཐབ་བཞིན་དུ་ཡོད་རུང་ འཕྲུལ་ཁང་དེ་ ཕྱགས་སྙིགས་ཚད་ཅིག་གི་དོན་ལུ་ བཟོ་མི་དེ་ ཕྱགས་སྙིགས་ལེ་ཤ་ ཐོན་སྐྱེད་འབད་བའི་སྐབས་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་མི་ཚུགས་པས་ཟེར་ཨིན་པས།
ཚེ་རིང་དབྱངས་འཛོམས་ཀྱིས་ སླབ་མིའི་ནང་ འཕྲུལ་ཁང་གི་ ཉེ་འདབས་ལུ་སྡོད་མི་ཚུ་ དྲི་ངན་མནམ་པའི་ཁར་ སྦྱངམ་དང་གཅིག་ཁར་ སྡོད་དགོཔ་བྱུང་བའི་ཁར་ ས་ཁོངས་དེ་ ཉེན་སྲུང་ཅིག་ མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་ཀུན་མཉམ་ཚོགས་པ་གིས་ འདེམས་ངོ་༢ ངོ་སྤྲོད་འབད་ཡོདཔ།

༉ འབྲུག་ཀུན་མཉམ་ཚོགས་པའི གཙོ་འཛིན་གྱིས་ ཤར་ཕྱོགས་རྫོང་ཁག་ནང་ ལྟ་སྐོར་འགྱོཝ་དང་འབྲེལ་ འདེམས་ངོ་གསརཔ་༢ ངོ་སྤྲོད་འབད་ཡོདཔ་ཨིན་པས། ཚོགས་པ་གིས་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ མོང་སྒར་ལུ་ ཚོགས་པའི་ཡིག་ཚང་ འགོ་འབྱེད་འབདཝ་དང་འབྲེལ་ བསོད་ནམས་མཆོད་རྟེན་དེ་ …

Leave a Reply

Your email address will not be published. Required fields are marked *