རུ་ཀུ་སྦྱིས་ ཀུན་བཟང་ཆོས་གླིང་ལྷ་ཁང་།

རུ་ཀུ་སྦྱིས་ ཀུན་བཟང་ཆོས་གླིང་ཕོ་བྲང་ཉ་ལ་བདུདམ་གི་ ཁ་གནོན་ལུ་ རྐྱབ་པའི་གནས་ཁུངས།

༉ ཐིམ་ཕུག་དང་ ཀྲོང་གསར་བར་ནའི་ ཤར་ནུབ་གཞུང་ལམ་བདའ་སྟེ་ འགྲུལ་སྐྱོད་འབད་མི་ མང་ཤོས་ཅིག་གིས་ རུ་ཀུ་སྦྱིས་ཀྱི་ ས་ཁོངས་ནང་ལྷོདཔ་ད་ ལམ་གྱི་གཡས་ཕྱོགས་ལུ་ སྦུལ་གྱི་བཟོ་དབྱིབས་དང་ལྡན་པའི་ ས་ཆ་ཅིག་གི་མཇུག་ལུ་ རུ་ཀུ་སྦྱིས་གཡུས་ཚན་དེ་ ཉམས་དགའ་ཏོག་ཏོ་སྦེ་ ཆགས་ཏེ་འདུག།

གཡུས་ཚན་དེ་གི་མཇུག་ལུ་ ལྷ་ཁང་ཅིག་ཡང་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ མཇལ་ཚུགས་མི་དེ་ རུ་ཀུ་སྦྱིས་ཀྱི་ལྷ་ཁང་ ཀུན་བཟང་ཆོས་གླིང་ཕོ་བྲང་ཨིན་པས།
ལྷ་ཁང་དེ་གི་ ཉེ་འདབས་ལུ་འགྱོ་ལྟཝ་ད་ མཐའ་བསྐོར་ཏེ་ ཤིང་ཚུ་ཡང་ ག་ནི་བ་ མཛེས་ཏོག་ཏོ་སྦེ་ སྐྱེས་ཡོདཔ་མ་ཚད་ ལྷ་ཁང་མཐའ་བསྐོར་ཏེ་ མ་ཎི་ལག་འཁོར་ཚུ་ཡང་ ལེགས་ཤོམ་སྦེ་ བཙུགས་ཏེ་འདུག།
མ་གཞི་ སྤྱིར་བཏང་མཐོང་སྣང་ལུ་ ལྷ་ཁང་དེ་ གསརཔ་བཟུམ་ཅིག་སྦེ་ མཇལཝ་ཨིན་རུང་ རྙིངམ་ཅིག་འབདཝ་ལས་ ལྷ་ཁང་རྐྱངམ་གཅིག་གིས་མ་ཚད་ གཡུས་ཚན་དེ་ཡང་ རྒྱལ་རབས་དང་ལྡན་པ་ཅིག་ཨིན་པས།
ལྷ་ཁང་དེ་གི་དཀོན་གཉེར་ མ་ཎི་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ ལྷ་ཁང་དེ་ རྙིངམ་ཅིག་ཨིན་རུང་ གནས་ཡིག་མེདཔ་ལས་ ནམ་བཞེངས་བཞེངསམ་ཨིན་ན་ ཤེས་མི་ཚུགས་པས་ཟེར་ཨིནམ་ད་ ཨིན་རུང་ མི་ལོ་༥༠༠ དེ་ཅིག་ ལང་ཡོདཔ་སྦེ་ གཡུས་མི་རྒན་ཤོས་ཚུ་གིས་ བཤདཔ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྷ་ཁང་དེ་ དང་ཕུ་ ཞབས་དྲུང་མཚན་ལྡན་འདུལ་བ་ཟེར་མི་གིས་ གདན་ས་བཅགས་གནང་ཐོག་ལས་ བཞེངས་ཡོདཔ་སྦེ་ སླབ་ཨིན་པས།
དཀོན་གཉེར་གྱིས་ ལྷ་ཁང་དེ་ ག་དེ་སྦེ་ བཞེངས་ཡོདཔ་ཨིན་ནའི་ རྒྱབ་ཁུངས་བཤད་མིའི་ནང་ དེ་བསྒང་ དབང་འདུས་ཕོ་བྲང་ལུ་ སྒང་སྟེང་རྒེད་འོག་ནང་ ཀུམ་བུ་ལྷ་ཁང་དང་ ཉི་ཤོ་རྒེད་འོག་ནང་ ཤར་གསལ་བའི་སྒང་ལྷ་ཁང་༢ གདན་ས་བཅགས་གནང་མི་ ཞབས་དྲུང་ཁོ་ར་ ཀུམ་བུ་དགོན་པ་ལུ་ ཐུགས་དམ་གནང་བཞུགས་པའི་སྐབས་ ཉམས་སྣང་ལུ་ དགོན་པ་དེ་གི་ ཤར་ཕྱོགས་སུ་ ད་རུང་གདན་ས་ཅིག་ བཅག་དགོཔ་ཡོད་པའི་ ཉམས་སྣང་བྱུང་ནུག་ཟེར་ཨིན་པས།
དེ་དང་འཁྲིལ་ བླམ་ཁོ་ར་ རུ་ཀུ་སྦྱིས་གཡུས་ཚན་གྱི་ལྟག་ལུ་ཡོད་པའི་ ད་རེས་ བུ་མེད་ལོགས་ཟེར་སའི་ ས་གནས་ནང་ སྐུ་ཞག་བཞུགས་པའི་སྐབས་ གཡུས་ཚན་དེ་ ཉ་ལ་བདུདམོ་གི་ བུམོ་གཅིག་གི་ གནམ་བྱཱར་གྱི་ སྡོད་གནས་ཨིནམ་སྦེ་ གཟིགསཔ་མ་ཚད་ ནུབ་མོ་ གཡུས་ཚན་དེ་ འཚུབས་དྲགས་ཅིག་སྦེ་ གཟིགས་ནུག་ཟེར་ཨིན་པས།
དེ་བསྒང་ ཁོ་རའི་ལུང་བསྟན་དེ་ གཡུས་ཚན་དེ་ནང་ཨིནམ་མཁྱེན་ཏེ་ ཁོ་ར་སྐུ་ཞག་བཞུགས་སའི་ ས་ཁོངས་དེ་ནང་ གྲུབ་ཆུ་ཅིག་ཡང་ བཏོན་གནང་སྟེ་ དེ་གི་ནངས་པར་ གཡུས་ཚན་དེ་ནང་སོང་སྟེ་ གཡུས་མི་ཚུ་དང་གཅིག་ཁར་ གཡུས་ཚན་དེ་ནང་ ལྷ་ཁང་བཞེངས་ནིའི་ བསྟུན་གྲོས་འབད་ནུག་ཟེར་ཨིན་པས།
མི་སེར་ཚུ་གིས་ཡང་ ཁ་འཆམ་མི་དང་འཁྲིལ་ བླམ་གིས་ གཡུས་ཚན་དེ་གི་ ས་ཆའི་དབྱིབས་དེ་ཡང་ སྦུལ་བཟུམ་སྦེ་ཡོདཔ་ལས་ ལྷ་ཁང་དེ་ བདུད་ཀྱི་ཁ་གནོན་ལུ་ སྦུལ་གྱི་མགུ་ཏོ་གུ་ རྐྱབ་དགོཔ་སྦེ་ གསུངས་ནུག་ཟེར་ཨིན་པས།
མི་སེར་ཚུ་གིས་ ཁ་འཆམ་ཐོག་ལས་ བླམ་གི་བཀའ་དང་འཁྲིལ་ དེ་གི་ནངས་པ་ལས་ར་ ལྷ་ཁང་བཞེངས་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
དེ་བསྒང་ ཉིན་མར་ མི་སེར་ཚུ་གིས་ དཀའཝ་སྤྱད་དེ་ ག་དེ་སྦེ་ར་བཞེངས་རུང་ ནུབ་མོ་ བདུད་ཚུ་གིས་ ག་ར་བཤུབ་བཏངམ་ལས་ རབ་གསལ་དེ་ རྩ་ལས་ར་ ལྷོང་མ་ཚུགས་པས་ཟེར་ དཀོན་གཉེར་གྱིས་ སླབ་ཨིན་པས།
དེ་ལས་ བླམ་གིས་ གནས་སྐབས་བཏོན་ཐོག་ལས་ མི་སེར་ཚུ་ལུ་ ལྷ་ཁང་དེ་ བསྒྲུབ་ཚུགས་ནིའི་དོན་ལུ་ སྐུ་འཆམ་དང་བཅསཔ་སྦེ་ ཉིན་གྲངས་གཅིག་གི་རིང་ ཚེས་བཅུ་འགོ་འདྲེན་འཐབ་དགོཔ་སྦེ་ གསུངས་པའི་སྐབས་ མི་སེར་ཚུ་གིས་ རྟེན་འབྲེལ་གྱི་ཚུལ་དུ་ ཚེས་བཅུ་དེ་ ཉིན་གྲངས་༣ གྱི་རིང་ གནང་དགོཔ་སྦེ་ ཞུ་ནུག་ཟེར་ཨིན་པས།
ཚེས་བཅུའི་སྐབས་ མ་གཞི་ གཡུས་མི་འཆམ་རྐྱབ་མི་ཚུ་ མེདཔ་ཨིན་རུང་ བླམ་ཁོ་ར་གིས་ རྫུ་འཕྲུལ་གྱི་ཐོག་ལས་སྦེ་ སྐུ་འཆམ་རྐྱབ་མི་ཚུ་ཡང་བཟོ་སྟེ་ མཇལ་ཁ་གནང་ནུག་ཟེར་ཨིན་པས།
ཨིན་རུང་ བདུདམོ་དེ་གིས་ ཉིནམ་དང་པའི་ནང་ འོང་མ་བཏུབ་རུང་ ཉིནམ་གཉིས་པའི་ནང་ བྱ་འུགཔ་ཅིག་ལུ་སྤྲུལ་ཏེ་ ལྷ་ཁང་གི་ཉེ་འདབས་ལུ་ཡོད་པའི་ སྦྱིས་ཤིང་ཅིག་གུ་ལས་ ལྟདམོ་ལྟ་སྡོད་སར་ གཟིགས་ཡོདཔ་བཞིན་དུ་ བླམ་གིས་ དེ་ཁར་ར་ དམ་བཏགས་གནང་ནུག་ཟེར་ཨིན་པས།
དེ་བསྒང་ བདུདམོ་དེ་གིས་ འུག་པ་ལུ་སྤྲུལ་ཏེ་ སྦྱིས་ཤིང་ཅིག་གུ་ སྡོད་མི་དང་འཁྲིལ་ གཡུས་ཚན་དེ་གི་མིང་ཡང་ འུག་པའི་སྦྱིས་ཟེར་ བཏགས་གནང་ཡོདཔ་ཨིན་རུང་ ད་རེས་ ཟུར་ཉམས་ཏེ་ རུ་ཀུ་སྦྱིས་ཟེར་ སླབ་ཨིན་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལོ་གཅིག་ནང་ ཟླཝ་༡༠ པ་དང་༡༡ པ་ དེ་ལས་༡༢ པའི་ནང་མ་གཏོགས་ ཟླཝ་གཞན་ཚུ་ནང་ ལོ་ཆོག་འབུམ་སྡེ་ཚུ་ ཆད་ནི་མེད་པར་ འགོ་འདྲེན་འཐབ་ཨིན་ཟེར་ དཀོན་གཉེར་གྱིས་ སླབ་ཨིན་པས།
ལྷ་ཁང་དེ་གི་སྐོར་ལས་ གཡུས་མི་རྒན་ཤོས་ཚུ་གིས་ ལོ་རྒྱུས་ཚུ་ དུམ་གྲ་རེ་ མ་འདྲཝ་སྦེ་ཡང་ བཤད་ནི་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ གནས་ཡིག་མེད་མི་ལུ་རྟེན་ཨིན་པས།
སྐྱེས་ལོ་༧༣ འབད་མི་ མ་ཎི་ལ་གིས་འབད་བ་ཅིན་ ལོ་རྒྱུས་དང་འཁྲིལཝ་ད་ ལྷ་ཁང་དེ་ སྦུལ་གྱི་མགུ་ཏོ་གུ་དང་ གཡུས་ཚན་དེ་ སྦུལ་གྱི་ཨོལ་ལྐོག་གུ་ དེ་ལས་ ལྷ་ཁང་གི་འོག་ལུ་ཡོད་པའི་ཟམ་དེ་ སྦུལ་གྱི་ལྕེ་གུ་ རྐྱབ་ཡོདཔ་སྦེ་ བཤད་ནི་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རེས་ ལྷ་ཁང་དང་ གཡུས་ཚན་གཉིས་ཀྱི་ མཐའ་བསྐོར་ཏེ་ སྦྱིས་ཤིང་ཡོད་མི་ཚུ་ཡང་ ཧེ་མ་ ཞབས་དྲུང་ཁོ་ར་ ས་གནས་དེ་ནང་ བྱོན་པའི་སྐབས་ བསྣམས་བྱོན་ཡོདཔ་སྦེ་ སླབ་དོ་ཡོདཔ་ད་ ལྷ་ཁང་དེ་གི་ འོག་ལུ་ལྷོདཔ་ད་ སྤོག་ཏོ་གི་ གཡས་དང་གཡོན་ལུ་ སྦུལ་གྱི་མིག་ཏོ་ཨིན་ཟེར་ ཆུ་མིག་གཉིས་ཡང་ ཐོན་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་གནས་ག་ཏེ་འབད་རུང་ ལྷ་ཁང་ཚུ་ གཡུས་ཚན་གྱི་ ལྟག་ལུ་རྐྱབ་དོ་ཡོདཔ་ཨིན་རུང་ རུ་ཀུ་སྦྱིས་ཀྱི་ལྷ་ཁང་དེ་ གཡུས་ཚན་གྱི་ མཇུག་ལུ་འབད་མི་དེ་ མ་འདྲཝ་ཅིག་ཨིན་ཟེར་ཨིན་པས།
ཐོག་ཚད་༢ འབད་མི་ ལྷ་ཁང་དེ་ ལོ་ངོ་དག་པ་ཅིག་གི་ཧེ་མར་ གཡུས་ཚན་དེ་ནང་གི་ ཞི་གཡོགཔ་ཚུ་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་བའི་ཁར་ གཡུས་མི་ཚུ་གིས་ སྦུང་བཏོན་ཐོག་ལས་ རྒྱ་བསྐྱེད་འབད་ཡི་ཟེར་ཨིན་པས།
ལྷ་ཁང་དེ་ནང་གི་ ནང་རྟེན་གཙོ་བོ་དེ་ བླམ་མཚན་ལྡན་འདུལ་བ་ ཁོ་རའི་སྐུ་འདྲ་ བཞུགས་སུ་གསོལ་ཏེ་ཡོདཔ་ད་ སྐུ་འདྲའི་རབ་གནས་དེ་ཡང་ བླམ་ཁོ་ར་གིས་ གནང་ནུག་ཟེར་ ཞུ་ནི་ཨིན།

རུ་ཀུ་སྦྱིས་ལས་ ཉི་མ་དབང་འདུས།

About admin

Check Also

ཙ་ཀ་གླིང་རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་མ་ཚར་བར་ཡོདཔ།

༉ ཙ་ཀ་གླིང་རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་ནི་དེ་ དུས་ཚོད་ལུ་ མཇུག་བསྡུ་མ་ཚུགསཔ་ལས་ ཁག་འབགཔ་ལུ་ དུས་ཐེབས་བྱིན་ཡོད་རུང་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ མི་སེར་ཚུ་ ཚ་གྱང་ལང་སྟེ་འདུག། ཀི་ལོ་མི་ཊར་༡༢ འབད་མི་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ རྩི་ནག་གཏང་ནིའི་དོན་ལུ་ ཕུན་ཚོགས་རབ་བརྟན་ཁག་འབགཔ་ལུ་ …

Leave a Reply

Your email address will not be published. Required fields are marked *