རིག་འཛོམས་སློབ་གྲྭ་བདག་དབང་གི་ བགོ་བཤའ་འཆང་མི་༧ ཡོདཔ།

འདས་པའི་བདུན་ཕྲག་ནང་ ལྡོག་ཕྱོགས་ཚོགས་པ་གིས་ ཤེས་རིག་ལྷན་ཁག་ལུ་ སྤ་རོ་ལུ་ཡོད་མི་ རིག་འཛོམས་སྒེར་སྡེ་ སློབ་གྲྭ་གོང་མའི་ བགོ་བཤའ་འཆང་མི་ཚུ་གི་ མིང་ཐོ་ཚུ་ མི་མང་ལུ་ གསལ་སྟོན་འབད་དགོཔ་སྦེ་ བློ་འདོད་བཀོད་ནུག།

ད་རུང་ ལྡོག་ཕྱོགས་ཀྱིས་ སློབ་རིམ་༡༠ པ་ལས་ སྐུགས་ཚད་མེདཔ་བཟོ་མི་དེ་ཡང་ གཞུང་གིས་ ལོག་བསྐྱར་ཞིབ་འབད་དགོཔ་སྦེ་སླབ་ནུག།

དེ་ཡང་ རིག་འཛོམས་སློབ་གྲྭའི་ བགོ་བཤའ་འཆང་མི་ཚུ་ དྭངས་གསལ་ཐོག་ལས་ མི་མང་ལུ་ གསལ་སྟོན་འབད་དགོཔ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༡༢ ལུ་བཏང་མི་ ལྡོག་ཕྱོགས་ཚོགས་པའི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ལྡོག་ཕྱོགས་ཚོགས་པའི་ བརྡ་བརྒྱུད་ཀྱི་མགྲིན་ཚབ་ བཀྲིས་སྒང་བར་མཚམས་-གཤོང་ཕུག་གི་འཐུས་མི་ མཁས་དབང་པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ རིག་འཛོམས་སློབ་གྲྭའི་ བགོ་བཤའ་འཆང་མི་ ག་ཨིན་རུང་ ཤེས་རིག་ལྷན་ཁག་གིས་ མིང་ཐོ་ཚུ་ ངེས་པར་དུ་ མི་མང་ལུ་ གསལ་སྟོན་འབད་དགོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གཞུང་གིས་ རྒྱལ་ཡོངས་ལོ་བསྟར་ཤེས་རིག་གྲོས་འཛོམས་ནང་ སློབ་རིམ་༡༠ པའི་ སྐུགས་ཚད་དེ་ ཨ་རྟག་ག་ཨིནམ་སྦེ་ བཞག་ནི་གི་ གྲོས་ཆོད་བྱུང་ཡོད་རུང་ གནད་དོན་ག་ཅི་ལུ་བརྟེན་ གྲོས་ཆོད་ཆ་མེད་བཏང་ཡོདཔ་ཨིན་ན་ མི་མང་གིས་ མཁྱེན་དགོཔ་ཁག་ཆེ་ཟེར་ཨིན་པས།

གལ་སྲིད་ སྲིད་འབྲེལ་ལུ་བརྟེན་ གྲོས་ཆོད་ཆ་མེད་བཏང་ཐོག་ལས་ འཚབ་འཚབ་རིལ་རི་སྦེ་ བསྟར་སྤྱོད་འབད་ཡོད་པ་ཅིན་ སྒེར་སྡེ་སློབ་གྲྭའི་ བགོ་བཤའ་འཆང་མི་ཚུ་ གསལ་སྟོན་འབད་དགོ་ཟེར་ འཐུས་མི་པ་སངས་རྡོ་རྗེ་གིས་ བཤདཔ་ཨིན་རུང་ གནད་དོན་ཁ་གསལ་སླབ་མ་བཏུབ།

སློབ་རིམ་༡༠ པ་ལས་ མཐར་འཁྱོལ་ཏེ་ འཕྲོ་མཐུད་ཤེས་ཡོན་ སྦྱང་ནི་གི་ གོ་སྐབས་མ་ཐོབ་མི་ཚུ་ལུ་ གཞུང་གིས་ སློབ་གཉེར་གྲོགས་རམ་གནང་ཐོག་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་མི་དེ་ ངེས་བརྟན་མེད་པའི་ དུས་ཚོད་ཅིག་ཨིན་མས་ཟེར་ ལྡོག་ཕྱོགས་ཚོགས་པ་གིས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

སློབ་གྲྭའི་བགོ་བཤའ་འཆང་མི་༡ འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ཡོད་མི་ལུ་བརྟེན་ སློབ་གྲྭ་དེ་ནང་ སློབ་ཕྲུག་ལེ་ཤ་ ཐོབ་ཡོདཔ་སྦེ་ དོགས་པ་ཡོདཔ་ད་ སློབ་གྲྭ་དེ་ནང་ ད་རེས་ སློབ་ཕྲུག་༣༩༢ ཡོདཔ་ཨིན་པས།

ཡོངས་ཁྱབ་དྲུང་ཆེན་ ཕུར་པ་དང་ བདེན་དཔྱད་འབད་བའི་སྐབས་ མ་གཞི་ སློབ་གྲྭའི་ཇོ་བདག་དེ་ ཁོ་རའི་ཆ་རོགས་ཀྱི་ ཨམ་སྲུ་ཨིན་རུང་ ཁོ་ལུ་ སློབ་གྲྭའི་བགོ་བཤའ་ག་ནི་ཡང་མེད་ཟེར་ སླབ་ཨིན་པས།

བསྟན་འཛིན་སློབ་གྲྭ་གོང་མ་དེ་ སྤྱི་ལོ་༢༠༡༩ གི་ སློབ་དུས་ལས་ རིག་འཛོམས་སློབ་གྲྭ་གོང་མ་སྦེ་ མིང་གནས་བསྒྱུར་བཅོས་ཐོག་ ཧེ་མའི་སློབ་གྲྭའི་ཇོ་བདག་ བསོད་ནམས་བཟང་མོ་གིས་ ཚེ་རིང་དཔལ་མོ་ལུ་ ལོ་༧ གྱི་དོན་ལུ་ གླ་ཁར་སྤྲོད་ཡོདཔ་ཨིན་པས།

སློབ་གྲྭའི་དབུ་འཛིན་འོགམ་ མཱ་དཔ་ པི་དཱ་ཧཱལ་གྱིས་ སླབ་མིའི་ནང་ ནང་འཁོད་བདེ་སྒྲིག་འབད་དེ་ སློབ་གྲྭ་གིས་ སློབ་གྲྭ་གཞན་དང་ཕྱདཔ་ད་ སློབ་ཕྲུག་མངམ་ ཐོབ་ནུག་ཟེར་ སླབ་མི་དེ་ མི་བདེན་ཟེར་ཨིནམ་ད་ སློབ་དུས་འགོ་བཙུགསཔ་ད་ ཤེས་རིག་ལྷན་ཁག་གིས་ ཨ་ལོ་ཚུ་ བགོ་བཀྲམ་འབད་བའི་སྐབས་ སློབ་ཕྲུག་༣༤༠ དེ་ཅིག་ ཐོབ་དགོཔ་ཨིན་རུང་ སློབ་ཕྲུག་༣༠༠ ལས་བརྒལ་ཐོབ་མ་ཚུགས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཤུལ་ལས་ སློབ་ཕྲུག་ལ་ལོ་ཅིག་ སློབ་གྲྭ་ནང་ འཛུལ་ཞུགས་འབད་བར་ འོང་པའི་ཁར་ སློབ་ཕྲུག་ལ་ལོ་ ས་གནས་དང་འཁྲིལ་ཏེ་ ནང་སྡོད་མཐུན་རྐྱེན་ཡོད་མི་ཚུ་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།

དེ་འབདཝ་ལས་ སློབ་ཕྲུག་གི་ གྱངས་ཁ་ཡར་སེང་སོང་ཡོདཔ་བཞིན་དུ་ སློབ་ཕྲུག་ལ་ལོ་ཅིག་ སློབ་གྲྭ་དེ་ནང་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ཚུ་ཨིན་པས་ཟེར་ དབུ་འཛིན་འོགམ་གིས་ བཤདཔ་ཨིན་པས།

ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ སློབ་གྲྭ་གི་ བགོ་བཤའ་འཆང་མི་༧ དེ་ཅིག་ཡོད་མི་ལས་ མང་ཤོས་ར་ ཤེས་ཡོན་སྤེལ་ཁང་ཚུ་ནང་གི་ ཤེས་རིག་མཁས་མཆོག་ཚུ་ཡོདཔ་ཨིན་པས།

བགོ་བཤའ་འཆང་མི་ཅིག་གིས་ སླབ་མིའི་ནང་ ཇོ་བདག་ཚེ་རིང་དཔལམོ་གིས་ མོ་གི་ཆ་རོགས་ཉེ་ཤོས་ ཤེས་རིག་ནང་ལཱ་འབད་མི་ཚུ་ལུ་ མ་རྩ་བཙུགས་ཏེ་ ཆ་རོགས་འབད་དགོཔ་སྦེ་ སླབ་དེས་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཏི་རུ་བསྐྱི་བྱིན་ཡོདཔ་མ་གཏོགས་ བགོ་བཤའ་འཆང་ནི་སྦེ་མེན་ཟེར་ ཁོ་གིས་ བཤད་པའི་ཁར་ ཆ་རོགས་ཀྱི་ འདུ་ཤེས་ལུ་ ཏི་རུ་བསྐྱི་བར་བྱིན་མི་དེ་ ལོག་ཐོབ་སྟེ་ ཟླཝ་དག་པ་ཅིག་ ཡར་སོ་ཡི་ཟེར་ བཤདཔ་ཨིན་པས།

གནད་དོན་དེ་གི་སྐོར་ལས་ ཀུན་གསལ་གྱིས་ རིག་འཛོམས་སློབ་གྲྭའི་ཇོ་བདག་ ཚེ་རིང་དཔལམོ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་གི་ དཔའ་བཅའ་པའི་སྐབས་ མོ་ར་ རྒྱལ་ཁབ་ནང་མེདཔ་ལས་ འབྲེལ་བ་འཐབ་མ་ཚུགས།

ཤེས་རིག་ལྷན་ཁག་གི་ སློབ་གྲྭ་ཤེས་ཡོན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ངོ་ཚབ་ ཀུན་ལེགས་རྒྱལ་མཚན་གྱིས་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་ཡང་ ལྷན་ཁག་གིས་ ཧེ་མ་ལས་ སློབ་ཕྲུག་བགོ་བཀྲམ་གྱི་ ཁྱབ་བསྒྲགས་འབད་མི་དང་འཁྲིལ་ཏེ་ འབད་ཡི་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྒེར་སྡེ་སློབ་གྲྭ་ གཞི་བཙུགས་འབད་ནི་ལུ་ གྲོས་འཆར་བཙུགས་པའི་སྐབས་ སློབ་གྲྭའི་བགོ་བཤའ་འཆང་མི་ཚུ་ ལྟ་རྟོག་འབད་ནི་ཡོད་རུང་ སློབ་གྲྭ་གླ་ཁར་ལེན་མི་ གན་རྒྱ་དེ་ལུ་ བགོ་བཤའ་འཆང་མིའི་ མིང་ཐོ་ཚུ་ ག་ནི་ཡང་བཀོད་དེ་ མིན་འདུག་ཟེར་ཨིན་པའི་ཁར་ སྒེར་སྡེ་སློབ་གྲྭ་ཚུ་ཡང་ སྒེར་སྡེ་སློབ་གྲྭ་གཞི་བཙུགས་དང་ ལག་ལེན་ལམ་སྟོན་དང་འཁྲིལ་ཏེ་ འབད་དོ་ཟེར་ཨིན་པས།

སློབ་རིམ་༡༠ པ་ལས་ གཞུང་གི་ སློབ་གྲྭ་ནང་ ཤེས་ཡོན་འཕྲོ་མཐུད་སྦྱང་ནིའི་ གོ་སྐབས་མ་ཐོབ་མི་ཚུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་འོང་ཟེར་ ཀུན་ལེགས་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།

གཞུང་གིས་ མི་མང་གི་ སློབ་གྲྭ་ཚུ་ནང་ ལེན་མ་ཚུགས་མི་ སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་༡༥ ལུ་ ནང་སྡོད་སློབ་ཕྲུག་ཚུ་ལུ་ འཛུལ་འཐུས་དངུལ་ཀྲམ་༥༠,༠༠༠ དང་ ཕྱི་སྡོད་ལུ་ དངུལ་ཀྲམ་༣༠,༠༠༠ རེ་ སློབ་གཉེར་གྲོགས་རམ་གནང་ཐོག་ལས་ འཛུལ་ཞུགས་འབད་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཆོས་སྡེ་ལྷན་ཚོགས་ཀྱིས་ ཆོས་སྡེ་གསརཔ་༡༧ ལུ་ ཐོ་བཀོད་གྲུབ་པའི་ལག་ཁྱེར་ཚུ་ བྱིན་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *