རྒྱུན་འགྲུལ་འཐབ་མ་ཚུགས་པར་ ལོ་༢ དེ་ཅིག་ལང་མི་ རི་ཟེ་མོ་- མོང་སྒར་སྤྱི་འོག་གི་ སོ་ནམ་ཞིང་ལམ།

རི་ཟེ་མོ་- མོང་སྒར་སྤྱི་འོག་གི་ སོ་ནམ་ཞིང་ལམ་ལས་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ལོ་༢ དེ་ཅིག་ ལང་དོ་ཡོདཔ།

༉ པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་ བདེ་ཆེན་གླིང་རྒེད་འོག་ རི་ཟེ་མོ་- མོང་སྒོར་སྤྱི་འོག་གི་ སོ་ནམ་ཞིང་ལམ་དེ་ ས་རུད་ཀྱིས་ འཕྱགས་བདའ་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ལོ་༢ དེ་ཅིག་ ལང་དོ་ཡོདཔ་ལས་ སྤྱི་འོག་གི་ མི་སེར་ཚུ་ སེམས་དང་མ་ལྡན་པར་འདུག།
སྤྱི་འོག་ནང་ ཚལ་ལུ་དེ་ དངུལ་ཐོག་ངོ་མ་ཅིག་འབད་ནི་དེ་གིས་ སོ་ནམ་ཞིང་ལམ་ལྷོད་མི་དེ་གིས་ ཚལ་ལུ་ལ་སོགས་པ་ཚུ་ ཚོང་བསྒྱུར་འཐབ་ནིའི་དོན་ལུ་ སྐྱེལ་འདྲེན་འབད་ནིའི་ ཕན་ཐོགས་བྱུང་ཡོད་རུང་ ད་རེས་ ཞིང་ལམ་དེ་ཡོད་རུང་ རྒྱུན་འགྲུལ་འཐབ་མི་ཚུགས་དོ་ཡོདཔ་ལས་ ཕན་ཐོགས་ཚུ་ སྤྱོད་མི་ཚུགས་དོ་ཡོདཔ་ཨིན་པས།
རི་ཟེ་མོ་- མོང་སྒར་སྤྱི་འོག་ལས་ བསམ་གཏན་ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་འོག་ནང་ འགོ་དང་པ་ སོ་ནམ་ཞིང་ལམ་ལྷོད་པའི་སྐབས་ དེ་ཁའི་མི་སེར་ཚུ་གིས་ སེམས་དགའ་སྤྲོའི་ཐོག་ལས་ དངུལ་ཐོག་ལ་སོགས་པ་ ཚོང་བསྒྱུར་འཐབ་ནིའི་ནང་ སྤྲོ་བ་སྦོམ་བསྐྱེད་ཅི་ཟེར་ཨིན་པས།
ཨིན་རུང་ ཤུལ་ལས་ཞིང་ལམ་དེ་ དུམ་གྲ་རེ་ གནོད་སྐྱོན་བྱུང་ཡོདཔ་བཞིན་དུ་ ས་རུད་ཀྱིས་ འཕྱགས་བདའ་ནི་དེ་གིས་ ད་རེས་འབདཝ་ད་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ལོ་༢ དེ་ཅིག་ ལང་དོ་ཟེར་ཨིནམ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ཡང་ ཞིབ་དཔྱད་འབད་བར་ འོང་ས་མ་མཐོང་ཟེར་ཨིན་པས།
སོ་ནམ་པ་ མཆོད་རྟེན་ནོར་བུ་གིས་ སླབ་མིའི་ནང་ ད་རེས་ ཞིང་ལམ་དེ་ཁར་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མི་ཚུགས་དོ་ཡོདཔ་ལས་ འདས་པའི་ལོ་ནང་ ཚལ་ལུ་པཱོན་རེ་ལུ་ དངུལ་ཀྲམ་༢༥ དང་༣༠ དེ་ཅིག་ སྤྲོད་ཐོག་ལས་ མི་ཚུ་གིས་ སྐྱེལ་འདྲེན་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཅི་ཡང་ ཚལ་ལུ་ལ་སོགས་པ་ཚུ་ མི་ཚུ་གིས་ར་ སྐྱེལ་འདྲེན་འཐབ་དགོཔ་བཟུམ་ཅིག་ འདུག་ཟེར་ཨིནམ་ད་ སྤྱི་འོག་ལས་ རྒེད་འོག་ལྟེ་བའི་ འཁོར་ལམ་ཚུན་ གྱེན་འཛེགས་དགོཔ་ལས་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ ལམ་འགྱོ་དགོ་ནི་དེ་གིས་ མི་ཚུ་གིས་ཡང་ ཉན་མི་བཏུབ་པས་ཟེར་ཨིན་པས།
དེ་ལས་ ཉི་མ་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་འོག་ནང་ ཚལ་ལུ་རྐྱངམ་གཅིག་མེན་པར་ ངང་ལག་དང་ ཚོད་བསྲེ་ལ་སོགས་པ་ཚུ་ཡང་ ཚོང་འབྲེལ་འཐབ་དོ་ཡོདཔ་བཞིན་དུ་ སྐྱེལ་འདྲེན་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ལས་ དེ་ཚུ་ འཛུགས་སྐྱོང་འབད་ནིའི་ནང་ མང་ཤོས་ཅིག་ལུ་ སྤྲོ་བ་ཉམས་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སོ་ནམ་ཞིང་ལམ་དེ་ མེདཔ་ཐལ་ཏེ་ ལོ་༢ དེ་ཅིག་ ལང་དོ་ཡོད་རུང་ ཚ་གྱང་འབག་མི་ ག་ཡང་མེདཔ་བཞིན་དུ་ མི་སེར་ཚུ་གིས་ སྤྱི་འོག་གི་ ཚོགས་པ་བརྒྱུད་དེ་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་རུང་ ད་ལྟོ་ཚུན་ ག་ཅི་ཡང་ འབད་ནི་མིན་འདུག་ཟེར་ཨིན་པས།
བདེ་ཆེན་གླིང་རྒཔོ་ བསོད་ནམས་རིན་ཆེན་གྱིས་ སླབ་མིའི་ནང་ ཞིང་ལམ་དེ་ ཧེ་མ་ལས་ དུམ་གྲ་རེ་ མེདཔ་ཐལ་ཡོདཔ་ལས་ རྒེད་འོག་གིས་ ཉམས་བཅོས་འབད་ཡི་ཟེར་ ཨིནམ་བཞིན་དུ་ འདས་པའི་ཟླཝ་༢ ནང་ ཆརཔ་ཤུགས་སྦེ་རྐྱབ་པའི་སྐབས་ ཞིང་ལམ་མི་ཊར་༣༠༠ དེ་ཅིག་ རྩ་བ་ལས་ འཕྱགས་བདའ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྩིས་ལོ་༢༠༡༩- ༢༠༢༠ འི་ནང་ རྒེད་འོག་བདག་སྐྱོང་གིས་ མ་དངུལ་བཞག་ཡོདཔ་མ་ཚད་ སྤྱིར་བཏང་ཉུང་མཐའ་མཐུན་རྐྱེན་ དངུལ་ཀྲམ་ས་ཡ་༣༩ ལྷགཔ་ཅིག་ཡོད་རུང་ ད་ལྟོའི་ཞིང་ལམ་དེ་ཁར་ལས་ ལོག་བསལ་ནིའི་ནང་ མ་དངུལ་འབོར་ཆེ་ཏོག་ཏོ་ གནས་ནི་ཨིནམ་ལས་ ས་ཁོངས་གསརཔ་ལས་ར་ བཏོན་དགོ་པས་ཟེར་ཨིནམ་ད་ ཧེ་མ་མི་ཚུ་གིས་ ས་བྱིན་ཡོད་པ་ཅིན་ ད་རེས་ དེ་བཟུམ་མའི་ དཀའ་ངལ་མ་ཐོནམ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ཚོགས་པ་གིས་ འགོ་འདྲེན་ཐོག་ལས་ སྤྱི་འོག་འཛོམས་འདུ་འཚོགས་པའི་སྐབས་ མི་ཚུ་གིས་ ཞིང་ལམ་གཞན་ཁར་ལས་ བཏོན་ནིའི་དོན་ལུ་ ས་བྱིན་ནི་སྦེ་ གྲོས་འཆམ་བྱུང་ཡོད་ནི་དེ་གིས་ ད་རེས་ རྒེད་འོག་གིས་ གྲོས་བསྟུན་ཐོག་ བཟོ་བཀོད་ཀྱི་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ལས་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཟེར་ ཨིན་པའི་གནས་ཚུལ།

 

སྐལ་བཟང་དབང་ཕྱུག། ངང་ལམ།

 

About admin

Check Also

ས་གནས་གཞུང་ནང་ རྫོང་བདག་གི་ འགན་ཁུར་ག་ཅི་ཨིན་ན?

༉ ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་འབད་མི་ལུ་བརྟེན་ རྫོང་བདག་གམ་ རྫོང་ཁག་བཀོད་ཁྱབ་གཙོ་འཛིན་གྱི་ འགན་ཁུར་དེ་ བསྐྱར་འགྲེལ་ཐོག་ གསལ་རིལ་རི་སྦེ་བཟོ་དགོ་པའི་ དགོས་མཁོ་བྱུང་སྟེ་ཡོདཔ་ཨིན་པས། རྫོང་བདག་གི་ འགན་འཁྲི་དང་ དབང་ཚད་ཕྱིར་སྤེལ་བྱ་སྒོའི་ རིམ་པ་ཚུ་ དབྱེ་དཔྱད་འབད་ནིའི་དོན་ལུ་ བློན་ཆེན་ཌོག་ཊར་ …

Leave a Reply

Your email address will not be published. Required fields are marked *