ཏཱན་ཟེ་མ་གཡུས་ཚན་ནང་ གློག་ཐག་ར་བ་མ་བསྒོར་བའི་ཧེ་མར་ རི་དྭགས་གླངམོ་ཆེ་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བའི་མཐོང་སྣང་།

རི་དྭགས་སེམས་ཅན་དང་ འཆམ་མཐུན་སྡོད་ནིའི་ སྦྱང་བ་འབད་དོ་ཡོདཔ།

༉ མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་དེ་ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ མཐའ་ཟུར་གྲོང་གསེབ་ མང་ཤོས་ཅིག་ནང་ དཀའ་ངལ་སྦོམ་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན་པས།
དེ་གི་ནང་ལས་ཡང་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༦༠ དེ་ཅིག་ སྒོ་ནོར་དང་ སོ་ནམ་ཐོན་སྐྱེད་ལུ་བརྟེན་སྡོད་མི་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ བྲེལ་ཟིང་དེ་ ཚ་གྱང་ཅན་ཅིག་ཨིན་པས།
བྲེལ་ཟིང་ལུ་བརྟེན་ རྒྱུ་དངོས་ཚུ་ལུ་ གནོདཔ་བཀལ་ཡོདཔ་མ་ཚད་ འདས་པའི་ལོ་ཚུ་ནང་ མི་དང་ སེམས་ཅན་གཉིས་ཆ་རའི་ ཚེ་སྲོག་ལུ་ གནོད་པ་རྐྱབ་ཡོད་པའི་ སྙན་ཞུ་ཚུ་ལྷོད་ནུག།
གཞུང་དང་ ས་གནས་ཀྱི་མི་ དེ་ལས་ ངོ་རྐྱང་ཚུ་གིས་ ཐབས་ལམ་ཚུ་ བཏོན་བཞིན་ཡོད་རུང་ དཀའ་ངལ་སེལ་ མ་ཚུགས་པར་ཡོད་རུང་ པདྨ་དགའ་ཚལ་རྫོང་ཁག་ནང་ གཡུས་ཚན་ཆུང་ཀུ་ཅིག་ཨིན་མི་ ཏཱན་ཟེ་མ་གིས་ རི་དྭགས་སེམས་ཚུ་དང་གཅིག་ཁར་ དགའ་ཏོག་ཏོ་སྦེ་ སྡོད་ནི་ནང་ ཐབས་ལམ་ཐོབ་ཡོདཔ་ཨིན་པས།
ཡུན་མ་རིངམོ་ཅིག་གི་ཧེ་མར་ གྲོང་གསེབ་གཞན་ཚུ་ནང་བཟུམ་སྦེ་ གཡུས་ཚན་དེ་ནང་ བྲེལ་ཟིང་ཚུ་ལས་ མང་ཤོས་རི་དྭགས་གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ གྲོང་མི་ཚུ་གིས་ ཞག་མ་ཉལ་བར་ འདས་པའི་ལོ་ངོ་དག་པ་ཅིག་ཚུན་ར་ ལོ་ཐོག་སྲུང་སྡོད་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ ཧེ་མ་ ཁྱིམ་གུང་པ་ལེ་ཤ་ཡོད་རུང་ གླངམོ་ཆེ་ཚུ་ རྒྱུན་མ་ཆད་པར་ ཐོན་མི་ལུ་བརྟེན་ མི་རློབས་མར་བབས་སོང་ཡོདཔ་ད་ གཡུས་མི་རྒས་ཤོས་ཅིག་ཨིན་མི་ མཁའ་འགྲོ་གིས་ སླབ་མིའི་ནང་ སེམས་ཅན་ལུ་བརྟེན་ ཧེ་མ་བཟའ་སྤྱོད་འབད་མི་ ས་ཞིང་ཚུ་ཡང་ རྒྱ་ཆུང་སུ་ སོང་སྟེ་ཡོད་ཟེར་ཨིན་པས།

མི་སྡེ་གིས་ ཁོང་རའི་ ར་བ་ཕྱི་ཁར་ཡོད་མི་ གླངམོ་ཆེ་ཚུ་གི་དོན་ལུ་ ཆུ་ཐོན་སའི་དོང་དང་ ཚྭ་ལྕེ་གིས་ བལྡག་ནིའི་ས་ཁོངས་ཚུ་ བཟོ་སྐྲུན་ཐོག་ རྩྭ་དང་ངང་ལག་ཤིང་ཚུ་བཙུགས་ཏེ་ གླངམོ་ཆེ་འཁྱམས་སར་ ཉམས་སྲུང་འབད་བའི་མཐོང་སྣང་། 

རྒྱལ་གཞུང་མ་ནཱསི་གླིང་གའི་ གླིང་འཛིན་འགོ་དཔོན་ རྡོ་རྗེ་དབང་ཕྱུག་གིས་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༡༨ དེ་ཅིག་ཡོད་རུང་ རི་དྭགས་གླངམོ་ཆེ་ཚུ་ལས་ ཉེན་ཁ་སྦོམ་ཡོད་མི་ལུ་བརྟེན་ མང་ཤོས་ར་ གཡུས་ཁར་མ་སྡོད་པར་ གནས་སྤོ་འགྱོཝ་མས་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༥ ལུ་ རྒྱལ་ཡོངས་མ་ནཱསི་གླིང་ག་གིས་ རྒྱབ་སྐྱོར་འབད་ཐོག་ལས་ གཡུས་ཚན་དེ་ནང་ ཀི་ལོ་མི་ཊར་༥ འབད་མི་ གློག་ཐག་ར་བ་རྐྱབ་ཡོདཔ་ད་ རྡོ་རྗེ་དབང་ཕྱུག་གིས་ གློག་ཐག་ར་བ་བསྒོར་མི་དེ་ ད་ཚུན་ མཐར་འཁྱོལ་སྦོམ་ཤོས་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
མཁའ་འགྲོ་གིས་ སླབ་མིའི་ནང་ གློག་ཐག་ར་བ་ལུ་བརྟེན་ འགྲོས་ཀྱིས་སྦེ་ གླངམོ་ཆེ་ཚུ་ ཞིང་ནང་འཛུལ་ནི་ལས་ བཀག་འཛིན་འབད་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ཐོན་སྐྱེད་ཚུ་ཡང་ མངམ་བསྡུ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
དེ་གི་ཤུལ་ལས་ མི་རློབས་ཡང་ ལོག་ཡར་འཕར་སོང་སྟེ་ དོག་མ་ཤིང་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ སོ་ནམ་ཚོང་འབྲེལ་ ཡར་རྒྱས་འགྱོ་མི་ལུ་བརྟེན་ སོ་ནམ་པའི་སྡེ་ཚན་ དག་པ་ཅིག་ཡང་ གཞི་བཙུགས་འབད་ཡི་ཟེར་ རྡོ་རྗེ་དབང་ཕྱུག་གིས་ བཤདཔ་ཨིན་པས།
གླིང་ག་གིས་ སོ་ནམ་པ་ཚུ་ལུ་ ལྕངམ་དང་ དགོས་མཁོ་ཅན་གྱི་ རྒྱབ་སྐྱོར་ཚུ་འབད་ཡོདཔ་ད་ འགོ་ཐོག་སྐབས་ ཏཱན་ཟེ་མ་ལུ་ མི་༣༠ དེ་ཅིག་ལས་བརྒལ་མེད་རུང་ ད་རེས་ མི་རློབས་༢༠༠ དེ་ཅིག་ལུ་ ལྷོད་དེ་ཡོདཔ་བཞིན་དུ་ སྦ་སྒོར་ཚུ་གི་ཚབ་ལུ་ སྒྲིང་ཁྱིམ་ཚུ་ རྐྱབ་ཡོདཔ་ལས་ སྟོང་ཧང་ཧ་དང་ ཁུ་སིམ་སིམ་སྦེ་ཡོད་མི་དེ་ ལོག་སྟེ་ར་ དགའ་ཏོག་ཏོ་དང་ སྐྱིད་ཉམས་ལྡན་པའི་ གཡུས་ཚན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
དེ་གིས་མ་དོ་བར་ མི་སྡེ་གིས་ ཁོང་རའི་ ར་བ་ཕྱི་ཁར་ཡོད་མི་ གླངམོ་ཆེ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་ ལཱ་འགོ་བཙུགས་ཡོདཔ་ད་ གླིང་གའི་རྒྱབ་སྐྱོར་ཐོག་ལས་ སེམས་ཅན་ཚུ་གི་དོན་ལུ་ ཆུ་ཐོན་སའི་དོང་དང་ ཚྭ་ལྕེ་གིས་ བལྡག་ནིའི་དོན་ལུ་ ས་ཁོངས་ཚུ་ བཟོ་སྐྲུན་འབད་ཡོདཔ་ད་ དུས་རྒྱུན་དུ་ རྩྭ་དང་ངང་ལག་ཤིང་ཚུ་ འཛུགས་སྐྱོང་འབད་དེ་ གླངམོ་ཆེ་འཁྱམས་སར་ ཉམས་སྲུང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཏཱན་ཟེ་མ་དེ་ འདས་པའི་ཟླཝ་ནང་ རྒྱ་གར་གུ་ཧ་ཊི་ བ་ལི་པར་གཞི་ཚོགས་ཀྱིས་ རི་དྭགས་གླངམོ་ཆེ་ཚུ་ལུ་ རྒྱབ་སྐྱོར་གྱི་ བརྩོན་ཤུགས་བསྐྱེད་མི་ལུ་བརྟེན་ གླངམོ་ཆེ་དང་ འཆམ་མཐུན་ཡོད་པའི་ གཡུས་ཚན་སྦེ་ ངོས་འཛིན་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *