རང་སྲོག་བཅད་ནི་ལུ་ དཔའ་བཅམ་མི་ ན་གཞོན་དང་ ཨམ་སྲུ་ཚུ་ མང་སུ་ཡོདཔ།

༉ རྒྱལ་ཁབ་ཀྱི་ མི་མང་གསོ་བའི་འཕྲོད་བསྟེན་ནང་ གདོང་ལེན་སྦོམ་ཤོས་ཅིག་ ན་གཞོན་ཚུ་གིས་ རང་སྲོག་བཅད་དེ་ ཤི་རྐྱེན་བྱུང་མི་དང་ ཚབས་ཆེན་གྱི་དཀའ་ངལ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་དེ་ཨིན་པས།
དེ་ཡང་ རང་སྲོག་བཅད་མི་རྒྱལ་ཡོངས་ཀྱི་ གནས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ དང་༢༠༡༧ ནང་ རང་སྲོག་བཅད་ནིའི་དཔའ་བཅམ་མི་༡༣༢ དང་ སྤྱི་ལོ་༢༠༡༨ ལུ་ མི་༣༤ གིས་ རང་སྲོག་བཅད་མིའི་གྲངས་སུ་༢༤ ཨམ་སྲུ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ གནས་ཐོ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༣ དང་༢༠༡༥ ཚུན་ མི་༥༤ གིས་ རང་སྲོག་བཅད་ནི་ལུ་ དཔའ་བཅམ་ནུག་ཟེར་ཨིན་པས།
རྒྱལ་ཡོངས་རང་སྲོག་བཅད་མིའི་གནས་ཐོ་ལུ་ ལོ་༣ གྱི་ ལས་འཆར་བསྐྱར་ཞིབ་སྙན་ཞུ་དང་འཁྲིལཝ་ད་ ཨམ་སྲུ་༨༨ ཀྱིས་ རང་སྲོག་བཅད་ནི་ལུ་ དཔའ་བཅམ་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༤ ལས་༢༠༡༨ ཚུན་གྱི་ རང་སྲོག་བཅད་ནི་ལུ་ དཔའ་བཅམ་མིའི་ནདཔ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བར་འབག་འོང་མི་ཚུ་ མང་ཤོས་ར་ ཨམ་སྲུ་འདུག་ཟེར་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སྨན་གཡོགམོ་ སྦྱིན་པ་ལས་འཕྲོ་གིས་ གནད་སྡུད་བཞག་མིའི་ནང་ རང་སྲོག་བཅད་མི་ཚུ་གི་གྲས་ལས་ བརྒྱ་ཆ་༤༡.༦༧ དེ་ སྐྱེས་ལོ་༢༡ དང་༣༠ གི་བར་ན་ ཚུད་དུ་འདུག།
ཁོ་གིས་ སླབ་མིའི་ནང་ གནད་སྡུད་དེ་ཡང་ འཛམ་གླིང་ནང་གསལ་སྟོན་འབད་མི་ལུ་ གཞི་བཞག་ཐོག་ བཏོན་ཡི་ཟེར་ཨིནམ་ད་ རང་སྲོག་བཅད་དེ་ ཤི་རྐྱེན་བྱུང་མི་ མང་ཤོས་ར་ སྐྱེས་ལོ་༡༥ དང་༢༩ གི་བར་ན་འབད་མི་ཚུ་ ཡོདཔ་ཨིན་པས།
སྤྱིར་བཏང་གི་ ཞིབ་འཚོལ་དེ་ རང་སྲོག་བཅད་ནི་ལུ་ དཔའ་བཅམ་མིའི་ནདཔ་དང་ སེམས་ཁམས་ནདཔ་གི་ སྨན་བཅོས་ཐོ་དེབ་ཚུ་ལུ་ གཞི་བཞག་ཐོག་ལས་ཨིནམ་ད་ ཞིབ་འཚོལ་སྙན་ཞུ་དེ་ འདས་པའི་ཟླཝ་ནང་ ཐིམ་ཕུག་ལུ་སྦེ་ རྒྱལ་སྤྱི་གྲོས་ཚོགས་ཞལ་འཛོམས་འཚོགས་པའི་སྐབས་ གསལ་བཏོན་འབད་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རང་སྲོག་བཅད་མི་ བརྒྱ་ཆ་༤༨.༦ དེ་ ནུབ་ཕྱོགས་རྫོང་ཁག་ནང་བྱུང་ཡོདཔ་ད་ སྤྱིར་བཏང་ སློབ་ཕྲུག་ཚུ་གིས་ རང་སྲོག་བཅད་ནི་ལུ་ དཔའ་བཅམ་མི་དེ་ སྒེར་སྡེ་དང་ ལས་འཛིན་ཚུ་ནང་ ལཱ་འབད་མི་དང་ དབྱེ་བ་མིན་འདུག་ཟེར་ཨིན་པས།
འདི་བཟུམ་གྱི་ དཀའ་ངལ་ཐོན་མིའི་ གནད་དོན་གཙོ་བོ་ར་ སེམས་གནས་པ་མེད་མི་ལུ་བརྟེན་ བྱུང་ནུག་ཟེར་ ཨིནམ་ད་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནདཔ་ཚུ་ལུ་ དུས་ཚོད་ཁར་ བསླབ་བྱ་བྱིན་མ་ཚུགས་པ་ཅིན་ རང་སྲོག་བཅད་ནི་ལུ་ ཐེ་ཚོམ་མིན་འདུག་ཟེར་ཨིན་པས།
འཛམ་གླིང་གསོ་བའི་ཚོགས་སྡེ་དང་འཁྲིལ་བ་ཅིན་ རང་སྲོག་བཅད་ནི་ལུ་ ཡང་བསྐྱར་དུ་དཔའ་བཅམ་མི་ བརྒྱ་ཆ་༡༠ དང་༡༥ གི་བར་ན་ཡོད་ཟེར་ཨིན་པས།
རང་སྲོག་བཅད་ནི་ཚད་འཛིན་དང་ བཀག་ཐབས་འབད་ནིའི་དོན་ལུ་ སེམས་ཁམས་ཀྱི་ ནདཔ་ཚུ་གི་གནས་སྟངས་ བསྒྱུར་བཅོས་འབད་ནི་དང་ སྨན་བཅོས་འབད་ནི་ཚུ་ཨིནམ་མ་ཚད་ མི་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་སྨན་པ་ ཡང་ཅིན་ མཁས་མཆོག་གིས་ སྦྱོང་བརྡར་བྱིན་ནི་ གཞན་ཡང་ ནདཔ་ཚུ་གི་དོན་ལུ་ སྔོན་གོང་ལས་ར་ བདག་འཛིན་དང་ འཛིན་སྐྱོང་འཐབ་ཐངས་ཀྱི་ སློབ་སྟོན་དང་ སྦྱོང་བརྡར་བྱིན་ནི་ཚུ་ཨིན་ཟེར་ཨིན་པས།
དཀའ་ངལ་ཚུ་སེལ་ཐབས་ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ ནདཔ་དང་ མི་མང་ལུ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ ག་དེ་དྲག་དྲག་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *