རང་སོའི་ རྒྱུ་དངོས་གསལ་སྟོན།

༉ འདས་པའི་ལོ་ངོ་བཅུ་ཕྲག་༡ ལྷགཔ་ཅིག་གི་ཧེ་མར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱུ་དངོས་གསལ་སྟོན་ཁྲིམས་ལུགས་ཐོག་ལས་ མི་མང་གི་ འགོ་དཔོན་ཚུ་ལུ་ ཁོང་རའི་ རྒྱུ་དངོས་ཚུ་ ངེས་པར་དུ་ གསལ་སྟོན་འབད་དགོཔ་སྦེ་ བཟོ་བའི་སྐབས་ལུ་ ཚ་གྱང་གཅིག་ ལང་དགོཔ་བྱུང་རུང་ ད་རེས་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་བཞིན་དུ་འདུག།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྒེར་གྱི་རང་དབང་ནང་ བཙན་འཛུལ་འབད་བའི་ ཚ་གྱང་དེ་ཨིནམ་ད་ མ་གཞི་ ལྟ་རྟོག་འབད་དགོཔ་དེ་ར་ ལམ་ལུགས་ལས་ འགལ་མི་ཚུ་གི་དོན་ལུ་ཨིནམ་ལས་ ལ་ལོ་ཅིག་ལུ་ དོགས་ཟོན་བསྐྱེད་དགོཔ་ཡང་ བྱུངམ་ཨིན་མས།
བདུན་ཕྲག་འདི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ འགོ་དཔོན་སྡེ་ཚན་ཅིག་གིས་ རྒྱལ་ས་ལུ་ཡོད་པའི་ ཡིག་ཚང་ཚུ་ནང་ ལྟ་སྐོར་འབད་ཞིནམ་ལས་ རྒྱུ་དངོས་གསལ་སྟོན་གྱི་ ཁྲིམས་ལུགས་དང་ ལམ་ལུགས་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབདཝ་ཨིན་མས།
འགོ་དཔོན་ཚུ་དང་འཁྲིལཝ་ད་ ཤུལ་མའི་ འོང་འབབ་ལོ་ འགོ་བཙུགས་པའི་བསྒང་ལས་ རྒྱུ་དངོས་གསལ་སྟོན་གྱི་ ཁྲིམས་ལུགས་དེ་ ལོ་༡༣ ལང་ནི་ཨིན་རུང་ ལེགས་བཅོས་འབད་དགོཔ་ ལེ་ཤ་ཡོད་ཟེར་ཨིན་མས།
མི་མང་གི་ཁ་ཐུག་ལས་ ངོས་ལེན་ལེགས་ཤོམ་ཡོད་རུང་ རྒྱུ་དངོས་གསལ་སྟོན་གྱི་ སྤུས་ཚད་དེ་ལུ་ དཀའ་ངལ་ཡོད་མི་དེ་ཡང་ མི་ཚུ་གིས་ ཁོང་རའི་རྒྱུ་དངོས་དང་ བུ་ལོན་ཚུ་ དྭངས་གསལ་ཐོག་ལས་ ག་དེ་སྦེ་ གསལ་སྟོན་འབད་མ་འབད་ལུ་ རག་ལས་ནི་ཨིན་མས།
རྒྱུ་དངོས་གསལ་སྟོན་འབད་ནིའི་ ཁྲིམས་ལུགས་དེ་ སྒེར་གྱི་རང་དབང་ནང་ བཙན་འཛུལ་འབད་ནི་དང་ ཡང་ཅིན་ མི་ཚུ་འབྱོར་པ་དང་ལྡན་ནི་ལས་ བཀག་ཆ་འབད་ནི་མེན་པར་ ང་བཅས་རའི་ གཙུག་སྡེ་ཚུ་དང་ མི་མང་གི་ རྒྱུ་དངོས་བདག་འཛིན་འཐབ་མི་ འགོ་དཔོན་ཚུ་ལུ་ བློ་གཏད་ཡིད་ཆེས་ཡོདཔ་བཟོ་ནི་ཨིནམ་ད་ མ་གཞི་ དྭངས་གསལ་བཟོ་ནིའི་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས།
རྒྱུ་དངོས་གསལ་སྟོན་འབད་དགོ་མི་ཚུ་ དབྱེ་ཁག་༢ སྦེ་ བཟོ་སྟེ་ཡོདཔ་ད་ དབྱེ་ཁག་དང་པའི་ནང་ ཆེ་རིམ་འགོ་དཔོན་༦༠༠ དེ་ཅིག་ཡོད་མི་ཚུ་ཡང་ གྲྭ་ཚང་གི་ དགེ་འདུན་ཚུ་གིས་གཙོས་པའི་ བཙག་འཐུ་ལས་གྲུབ་མི་ཚུ་ཡོདཔ་ད་ འདས་པའི་ལོ་ནང་ མི་ངོམ་གཅིག་གིས་ རྒྱུ་དངོས་གསལ་སྟོན་མ་འབད་བའི་ཁར་ ལ་ལོ་ཅིག་གིས་ གསལ་སྟོན་འབད་ནི་ ཕྱིས་སོ་ནུག།
དབྱེ་ཁག་༢ པའི་ནང་ སློབ་གྲྭའི་སློབ་དཔོན་ཚུ་མ་བརྩི་བར་ སྡེ་རིམ་༥ པ་ཡན་ཆད་འབད་མི་ མི་མང་གི་འགོ་དཔོན་༢༤,༠༠༠ ལྷགཔ་ཅིག་ཡོདཔ་ད་ དབྱེ་ཁག་འདི་ནང་ རྒྱུ་དངོས་གསལ་སྟོན་མ་འབད་མི་ཡོདཔ་ལས་ ལྷན་ཚོགས་ཀྱིས་ ཉེས་ཆད་ཚུ་ བཀལ་བཞིན་དུ་འདུག།
རྒྱུ་དངོས་གསལ་སྟོན་འབད་ནི་དེ་ མི་ཚུ་གི་རྒྱུ་དངོས་དང་ འབྱུང་ཁུངས་ཚུ་ ཞིབ་དཔྱད་འབད་ནི་རྐྱངམ་གཅིག་མེན་པར་ ཁྲལ་བཏབ་པའི་སྐབས་ལུ་ དྭངས་གསལ་ཐོག་ལས་ གསལ་སྟོན་འབད་མི་འབད་ བལྟ་ནིའི་དོན་ལུ་ཨིནམ་མ་ཚད་ ངན་ལྷད་བཀག་སྡོམ་འབད་ནིའི་དོན་ལུ་ཡང་ ཨིན་མས།
ཞི་གཡོགཔ་དང་ ལས་འཛིན་ནང་ལཱ་འབད་མི་ཚུ་གིས་མ་ཚད་ འོང་འབབ་ལེགས་ཤོམ་བཟོ་མི་ སྒེར་སྡེ་ཚུ་ཡང་ རྒྱུ་དངོས་གསལ་སྟོན་འབད་དགོཔ་འདུག་ཟེར་ སྤྱི་གཡོགཔ་ཚུ་གིས་ བསམ་བཀོད་འབད་མི་དེ་ཡང་ འོས་ལྡན་ཡོད་མེད་བལྟ་དགོཔ་འདུག།

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *