རང་སོའི་ཐོབ་དབང་དང་བསྟུན་ སྲིད་ཚོགས་ཚུ་ནང་ འཛུལ་ཞུགས་འབད་དོ་ཡོདཔ།

༉ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དོན་ལུ་ འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་བགྲེསཔ་ ནཱན་ད་ལཱལ་ རའེ་གིས་ མི་སེར་དམངས་གཙོའི་ཚོགས་པའི་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
ནཱན་ད་ལཱལ་ རའེ་གིས་ གསར་སྤང་རྫོང་ཁག་ གཤོམ་སྤང་ཁ་འདེམས་ཁོངས་ལས་ ད་ལྟོའི་ མི་སེར་དམངས་གཙོའི་ཚོགས་པའི་འཐུས་མི་ ཕྱི་འབྲེལ་བློན་པོ་བགྲེསཔ་ རིག་འཛིན་རྡོ་རྗེ་གི་ཚབ་སྦེ་ དོ་འགྲན་འབད་ནི་ཨིན་པས།
ནཱན་ད་ལཱལ་ རའེ་གིས་ ཧེ་མའི་ སྲིད་ཚོགས་ནང་ལས་ དགོངས་ཞུ་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ཁོ་རའི་སྒེར་གྱི་ གནད་དོན་ལུ་བརྟེན་ཏེ་ཨིན་ཟེར་ སླབ་ཡོད་རུང་ དམག་སྡེའི་འགོ་དཔོན་བགྲེསཔ་དེ་གིས་ སྒེར་གྱི་གནད་དོན་ ག་ཅི་ཨིན་ན་ ཁ་གསལ་སྦེ་ སླབ་མ་བཏུབ་ད་ ད་རེས་ འདེམས་ཁོངས་དེ་ནང་ལས་ འབྲུག་ཕུན་ཚོགས་པའི་འདེམས་ངོ་ གསལ་བསྒྲགས་མ་འབད་བར་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དར་དཀར་ནང་ ལྷ་མོའི་རྫིང་ཁ་འདེམས་ཁོངས་ཀྱི་ འབྲུག་ཕུན་ཚོགས་པའི་ འཐུས་མི་བགྲེསཔ་ ཧེ་མཱནཊི་ གུ་རུང་ཡང་ ཚོགས་པའི་ནང་ལས་ དགོངས་ཞུ་འབད་དེ་ འབྲུག་མཉམ་རུབ་ཚོགས་པའི་ནང་ འཛུལ་ཞུགས་འབད་ཡོདཔ་བཞིན་དུ་ ཁོ་ཡང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་བགྲེསཔ་ཅིག་ཨིན་པས།
སྤྱི་ལོ་༢༠༡༣ གྱི་བཙག་འཐུ་ མཇུག་བསྡུ་བའི་ཤུལ་ལས་ སྲིད་དོན་ནང་ གྲལ་གཏོགས་མི་འབད་ནིའི་ མནོ་བསམ་བཏང་ཡོད་རུང་ འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ བཅའ་མར་གཏོགས་དགོཔ་སྦེ་ སླབ་མི་ལུ་བརྟེན་ཨིན་ཟེར་ ཧེ་མཱནཊི་ གུ་རུང་གིས་ བཤདཔ་ཨིན་པས།
ཁོ་གིས་ འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་འཛིན་འོག་མ་བགྲེསཔ་ པུཤ་པ་ལཱལ་ ཆེ་ཏི་རི་དང་ འབྲུག་ཕུན་ཚོགས་པའི་འདེམས་ངོ་ སློབ་དཔོན་བགྲེསཔ་ པེ་རམ་ཀུ་མར་ ཁ་ཏི་ཝ་རི་ཚུ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
ཧེ་མཱནཊི་གུ་རུང་གིས་ ཁོ་ར་ ཧེ་མའི་ཚོགས་པ་ནང་ལས་ དགོངས་ཞུ་འབད་མི་དེ་ཡང་ དམངས་གཙོའི་རིང་ལུགས་ སྒྲིང་སྒྲི་བཟོ་ཐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞན་དང་མ་འདྲ་བའི་ གསོལ་རས་བཟུམ་ཅིག་སྦེ་ གནང་སྟེ་ཡོདཔ་ལས་ ཁོ་ར་ སྲིད་དོན་ཚོགས་པ་ག་བཟུམ་ཅིག་ནང་ འཛུལ་ཞུགས་འབད་ནི་ཨིན་ན་ རང་སོའི་ ཐོབ་དབང་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་ར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་སྦེ་ ཕྱག་ཞུ་མི་ལུ་བརྟེན་ ཁོ་གིས་ རྒྱལ་ཁབ་དང་ གཞུང་ དེ་ལས་ མི་སེར་ལུ་ ཞབས་ཏོག་ཞུ་ནིའི་ རེ་འདོད་ཡོད་ཟེར་ཨིན་པས།
དེ་ལས་ ཧཱ་རྫོང་ཁག་ སྦྱིས་སྐར་མཚོ་འདེམས་ཁོངས་ཀྱི་ འབྲུག་ཕུན་ཚོགས་པའི་འཐུས་མི་བགྲེསཔ་ ཨོ་རྒྱན་བསྟན་འཛིན་ཡང་ ཧེ་མའི་ཚོགས་པ་ནང་ལས་ དགོངས་ཞུ་འབད་དེ་ འབྲུག་མཉམ་རུབ་ཚོགས་པ་ནང་ འཛུལ་ཞུགས་འབད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ ཧེ་མའི་ཚོགས་པ་གིས་ འདེམས་ཁོངས་དེ་ནང་ འདེམས་ངོ་གསརཔ་ཅིག་ གསར་བཙུགས་འབད་མི་ལུ་བརྟེན་ དགོངས་ཞུ་འབད་ཡི་ཟེར་ཨིནམ་ད་ ཁོ་གིས་ བསམ་ཞིབ་ལེགས་ཤོམ་འབད་དེ་ ཚོགས་པ་གསརཔ་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
ཨིན་རུང་ སྲིད་དོན་ཚོགས་པ་གཞན་གྱི་ འདེམས་ངོ་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ནང་ འཛུལ་ཞུགས་འབད་ནིའི་ དང་འདོད་བསྐྱེད་མི་དེ་ཡང་ ཐོན་དོ་ཡོདཔ་བཞིན་དུ་ ད་རེས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ རང་བཞིན་གནས་སྟངས་གྲོས་སྟོན་པ་ ཀ་མཱལ་དཱན་ ཅམ་གླིང་གིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ བསམ་རྩེ་ཕུན་ཚོགས་དཔལ་རི་འདེམས་ཁོངས་ལས་ འབྲུག་ཕུན་ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
དེ་མ་ཚད་ འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ སློབ་དཔོན་བགྲེསཔ་ ཀརྨ་འཕྲིན་ལས་ཡང་ བསམ་གྲུབ་ལྗོངས་མཁར་ ཝམ་རོང་འདེམས་ཁོངས་ལས་ འབྲུག་ཕུན་ཚོགས་པའི་ནང་ འདེམས་ངོ་སྦེ་ འཛུལ་ཞུགས་འབད་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་ མཁར་གཡུ་རུང་འདེམས་ཁོངས་ཀྱི་འདེམས་ངོ་ ཌོག་ཊར་ སེངྒེ་རྣམ་ཡང་ འབྲུག་ཀུན་མཉམ་ཚོགས་པ་ནང་ འཛུལ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ སྲིད་ཚོགས་ཚུ་ནང་ འཐུས་མི་འཛུལ་ཞུགས་འབད་ནིའི་དོན་ལུ་ རང་སོའི་ཐོབ་དབང་ཡོད་ཟེར་ཨིནམ་ད་ ཨིན་རུང་ སྲིད་དོན་ཚོགས་པ་ རྒྱལ་ནིའི་དོན་ལུ་ གོ་སྐབས་ལེན་ནི་དང་ཕྱདཔ་ད་ མི་ཡ་རབས་དང་ དྲང་བདེན་ཡོད་མི་ཚུ་གིས་ མི་སེར་དང་ རྒྱལ་ཁབ་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་དང་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་ ཚོགས་དཔོན་འོགམ་ འཆི་མེད་རྡོ་རྗེ་ བསམ་གྲུབ་ལྗོངས་མཁར་ ཇོ་མ་གཙང་ཁ་འདེམས་ཁོངས་ཀྱི་འཐུས་མི་ དཔལ་བཟང་དབང་ཕྱུག་ དེ་ལས་ ར་ལྡིསག་སྟེང་འདེངམས་ཁོངས་ཀྱི་འདེམས་ངོ་ ཀུན་ལེགས་རྡོ་རྗེ་བརྩིས་ཏེ་ འདེམས་ངོ་༧ གྱིས་ སྤྱིར་བཏང་བཙག་འཐུ་ལས་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་ཞུགས་འབད་རུང་ ཀུན་ལེགས་རྡོ་རྗེ་གིས་ བཙག་འཐུ་འགྲུབ་མ་ཚུགས་པས།
མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ད་རེས་ ཚོགས་པའི་འདེམས་ངོ་ཚུ་ སྲིད་ཚོགས་ནང་ འདེམས་ངོ་ཕུད་རྡོག་༡ ཡང་ འཛུལ་ཞུགས་མ་འབད་མི་དེ་ཡང་ འདེམས་ངོ་ཚུ་གིས་ ཚོགས་པའི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་རྟོགས་བྱུང་བའི་ཁར་ ང་བཅས་ཀྱི་གཞུང་གིས་ རྩ་བ་གསུམ་ལུ་ ཕྱག་ཕྱིད་གང་དྲག་ ཞུ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཧེ་མ་ མི་སེར་དམངས་གཙོ་ཚོགས་པའི་ འགོ་འདྲེན་པ་འབད་མི་དེ་ ད་ལྟོ་ འབྲུག་ཕུན་ཚོགས་པའི་ འགོ་འདྲེན་པ་ འབད་ཡོད་མི་གིས་ སླབ་མིའི་ནང་ འདས་པའི་ལོ་༤ འི་ནང་འཁོད་ལུ་ གཞུང་གི་སྲིད་བྱུས་ལུ་ སེམས་མ་དགའ་མི་དེ་ཡང་ གཞུང་གིས་ མི་སྡེའི་ནང་ ཚོང་འབྲེལ་རྒྱབ་སྐྱོར་བྱིན་ནི་སྦེ་ ཁས་བླངས་འབད་ཡོད་རུང་ རྒྱབ་སྐྱོར་འབད་ག་ནི་ཡང་ མ་མཐོང་ཟེར་ཨིནམ་ད་ ད་རེས་ ཚོང་འབྲེལ་ཆུང་བ་ཚུ་ དཀའ་ངལ་བྱུང་སྟེ་ཡོད་པའི་ཁར་ ལས་སྡེ་ག་ར་ འདྲ་མཉམ་སྦེ་ རྒྱབ་སྐྱོར་ཐོབ་མ་ཚུགས་པར་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ལྟ་བཤལ་པའི་སྤྱོད་ཁྲལ་ ཡུ་ཨེསི་ཌོ་ལར་༦༥ དགོངས་ཡངས་བཏང་མི་དེ་གིས་ རྫོང་ཁག་ག་ར་ལུ་ ཁེ་ཕན་ཐོབ་མི་ཚུགས་པས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ གཞུང་གིས་ སོ་ནམ་ཞིང་ལམ་དང་ བརྒྱུད་འཕྲིན་ གློག་མེ་ཞབས་ཏོག་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་ཡོདཔ་ད་ ད་ལྟོའི་གཞུང་གིས་ ཨ་ལོ་ཆུང་ཀུ་ཚུ་ རང་སོའི་ཕམ་ཚུ་ལས་ ཐག་རིང་སྦེ་ སློབ་གྲྭ་ལྟེ་བའི་ནང་ བཙུགས་མི་དེ་ལུ་ སེམས་མ་དགའ་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *