རང་ལུགས་སྤག་ཤིང་ཐོག་གི་ མདའ་གཞུའི་རྩེདམོ་ ཡར་རྒྱས་གཏང་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ག་ཏེ་འབད་རུང་ རང་གི་ངོ་རྟགས་གསལ་སྟོན་འབད་ནིའི་དོན་ལུ་ དམིགས་བསལ་དུ་ རྒྱལ་ཡོངས་ཀྱི་རྩེདམོ་ཅིག་ ངོས་འཛིན་འབད་ཞིནམ་ལས་ འཛིན་སྐྱོང་འཐབ་དོ་ཡོདཔ་མ་ཚད་ མི་སེར་ཚུ་གིས་འབད་རུང་ རྒྱལ་ཡོངས་ཀྱི་རྩེདམོ་དེ་ལུ་ ལྷག་པར་དུ་ སྤྲོ་བ་དང་ དཔའ་ཉམས་ཐོག་ལས་ རྩེད་དོ་ཡོད་པའི་ མཐོང་གསལ་བྱུངམ་མས་ཟེར་ཞུ་ནི།
རྒྱང་མཐོང་ཊི་བི་ཚུ་ནང་ལྟཝ་ད་ རྒྱལ་ཁབ་རང་སོའི་ རྒྱལ་ཡོངས་ཀྱི་རྩེདམོ་དེ་ གཞུང་གིས་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ གཞི་བཙུགས་འབད་བའི་ཁར་ རྩེད་འགྲན་ལས་རིམ་ཚུ་ཡང་ རྒྱུན་ཆད་མེད་པར་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་མི་ སྡེ་ཚན་དང་ ངོ་རྐྱང་ཚུ་ལུ་ཡང་ གསོལ་རས་ཚུ་ སེམས་ཤོར་སི་སི་སྦེ་ བྱིན་སྲོལ་ཡོད་མི་དེ་ཡང་ གཙོ་བོ་ར་ རྩེདམོ་རྩེ་མི་ཚུ་གིས་ རྒྱལ་ཡོངས་ཀྱི་རྩེདམོ་ལུ་ སྤྲོ་བ་དང་ དང་འདོད་བསྐྱེད་བཅུག་ནིའི་ ཐབས་ཤེས་དང་ རྒྱུད་བསྐུལ་འབད་ནིའི་དོན་ལུ་ཨིན་མས་ཟེར་ཞུ་ནི།
རྒྱལ་ཡོངས་ཀྱི་རྩེདམོ་ མི་ཉམས་རྒྱུན་འཛིན་འཐབ་ནི་དང་ ཡར་དྲག་གཏང་ནིའི་དོན་ལུ་ འདི་བཟུམ་མའི་ ཐབས་ཤེས་བཏོན་མི་དེ་ ལེགས་ཤོམ་ཅིག་ཨིན་མས་ཟེར་ཞུ་ནི།
ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ཡང་ རང་ལུགས་སྤག་ཤིང་ཐོག་གི་ མདའ་གཞུའི་རྩེདམོ་དེ་ སྔོན་དང་ཕུ་ལས་ར་ རྒྱལ་ཡོངས་ཀྱི་རྩེདམོ་སྦེ་ ངོས་འཛིན་འབད་ཡོདཔ་མ་ཚད་ འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ ཆ་མཉམ་གྱིས་ མདའ་རྩེད་ལུ་ སྤྲོ་བ་བསྐྱེད་དེ་ གཡུས་ཚན་ཚུ་གི་བར་ན་ འཕྲལ་འཕྲལ་སྦེ་ར་ ཕྱོགས་མདའ་ཕྱད་སྲོལ་ཡོད་ཟེར་ཞུ་ནི།
དེ་བསྒང་ ནང་གི་ཨམ་ཚུ་གིས་ ཇ་དང་བཞེས་སྒོ་ཚུ་ རྡིག་རྡིགམ་སྦེ་བཟོ་སྟེ་ བཟའ་ཚང་ནང་མི་ཚུ་ག་ར་ མདའ་རྐྱབ་སའི་ཐང་ནང་ཁྱིད་དེ་ ལྟདམོ་ལྟ་བའི་ཁར་ མཛར་ཅུམ་ཟ་སྟེ་ ཕྱི་རུ་ཁམས་ཅིག་ལས་ སྤྲོ་བ་དང་བཅསཔ་སྦེ་ ཞབས་ཁྲ་རྐྱབ་སྲོལ་ཡོདཔ་ལས་ དགའ་སྤྲོ་ཚད་མེད་བྱུངམ་ཨིན་ཟེར་ཞུ་ནི།
ཨིན་རུང་ ད་རེས་ནངས་པར་ རང་ལུགས་སྤག་ཤིང་ཐོག་གི་ རྒྱལ་ཡོངས་ཀྱི་རྩེདམོ་ མདའ་རྩེད་དེ་ ཉམས་འགྱོ་དོ་བཟུམ་སྦེ་ མཐོང་མི་དེ་ཡང་ རྒས་ཤོསམ་ཚུ་གིས་མ་གཏོགས་ ན་གཞོན་ཚུ་གིས་ སྤྲོ་བ་མ་ལེན་མི་ལུ་བརྟེན་ཏེ་ཨིན་མས་ཟེར་ཞུ་ནི།
དེ་ཡང་ གཙོ་བོ་ར་ སྒེར་སྡེ་ཚུ་གིས་ རང་སོའི་ཚོང་འབྲེལ་གྱི་ ཕན་ཁྱད་ལུ་ལྟ་སྟེ་ ཕྱི་ཁའི་མདའ་གཞུ་ཚུ་ ནང་འདྲེན་འབད་དེ་ བཙོང་པའི་ཁར་ ཚོང་འབྲེལ་ལེགས་ཤོམ་འགྱོ་ནིའི་དོན་ལུ་ ཕྱི་ཁའི་མདའ་གཞུ་ཐོག་ མདའ་རྩེད་འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་པའི་ཁར་ གསོལ་རས་ཚུ་ཡང་ རྒྱབ་སྐྱོར་འབད་མི་འཚོལ་ཏེ་ དངུལ་རྐྱང་དང་ ཅ་ཆས་ཚུ་ སེམས་ཤོར་སི་སི་སྦེ་ བྱིན་མི་ལུ་བརྟེན་ འབྲུག་པའི་ན་གཞོན་ཚུ་གིས་ རིན་གོང་སྦོམ་གནས་མི་ ཕྱི་ཁའི་མདའ་གཞུ་ཚུ་ཉོ་སྟེ་ དང་འདོད་སྦོམ་བསྐྱེདཔ་མས་ཟེར་ཞུ་ནི།
གནད་དོན་འདི་ལུ་བརྟེན་ རང་ལུགས་སྤག་ཤིང་ཐོག་གི་ མདའ་གཞུའི་རྩེདམོ་དེ་ འཛམ་གླིང་རྒྱལ་ཁབ་ཚུ་གི་གདོང་ཁར་ འབྲུག་གི་ རྒྱལ་ཡོངས་རྩེདམོ་ཨིན་ཟེར་ སྦ་གསང་མེད་པར་ སླབ་ནི་མ་གཏོགས་ ནང་ན་དཔྱད་བལྟ་བ་ཅིན་ ངོ་མ་སྦེ་ ལག་ལེན་འཐབ་མི་དེ་ དཀོན་སུ་ཅིག་ཨིནམ་ལས་ ངོ་ཚ་བའི་ གཞི་གནད་ཅིག་ཨིན་མས་ཟེར་ཞུ་ནི།
དེ་འབདཝ་ལས་ གཞུང་དང་ སྒེར་སྡེ་ཚུ་གིས་ རང་ལུགས་སྤག་ཤིང་ཐོག་གི་ མདའ་གཞུའི་རྩེདམོ་དེ་ མི་ཉམས་རྒྱུན་འཛིན་འཐབ་ནིའི་དོན་ལུ་ འགྲན་བསྡུར་ཚུ་ མ་ཆད་པར་ འགོ་འདྲེན་འཐབ་དགོཔ་མ་ཚད་ རྒྱུད་བསྐུལ་འབད་ནིའི་དོན་ལུ་ གསོལ་རས་ཚུ་ཡང་ ལེགས་ཤོམ་སྦེ་ར་ གནང་དགོཔ་འདུག་ཟེར་ ཞུ་ནི་ཨིན།
དབང་འདུས།
ཐིམ་ཁྲོམ།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *