རང་མགོ་རང་འདྲོངས་ཀྱི་དོན་ལུ་ སོ་ནམ་གྱི་ཐོན་སྐྱེད་ ཡར་སེང་འབད་དགོཔ།

༉ ལྷོ་ཨེ་ཤི་ཡའི་ མཁས་མཆོག་ཚུ་གིས་ སོ་ནམ་གྱི་ཐོན་སྐྱེད་ ཡར་སེང་འབད་ནིའི་དོན་ལུ་ ཐབས་ལམ་ཚུ་ མ་བཏོན་པ་ཅིན་ ལུང་ཕྱོགས་ནང་ བཟའ་ཆས་མ་ལང་པའི་ དཀའ་ངལ་འཐོན་འོང་ཟེར་ སླབ་མི་དེ་ འབྲུག་གི་སོ་ནམ་དང་ བཟའ་ཆས་ཉེན་སྲུང་ དེ་ལས་ རང་འཚོ་རང་ལྡང་བཟོ་ནི་གི་ དམིགས་ཡུལ་འགྲུབ་ནི་ལུ་ ལཱ་ཁག་འོང་ནི་ཨིན་པའི་ དྲན་བསྐུལ་བཟུམ་ཅིག་ཨིན་མས།
ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ བཟའ་ཆས་ཀྱི་ མཁོ་འདོད་ཡར་འཕར་འགྱོ་མི་དེ་ འགྲུབ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོདཔ་ད་ འཛམ་གླིང་ནང་ འབྱ་འཛུགས་སྐྱོང་འབད་མི་ལས་ བརྒྱ་ཆ་༣༡ དང་ དཀར་བརྒྱ་ཆ་༡༨ ལུང་ཕྱོགས་ནང་ འབད་དོ་ཡོདཔ་ཨིན་རུང་ ང་བཅས་ཀྱིས་ འཛམ་གླིང་གི་ བཟའ་ཆས་ཉེན་སྲུང་ ངེས་བརྟ་ནཡོདཔ་ བཟོ་ནི་དང་ ཆུམ་གྱི་མཁོ་འདོད་ཡར་འཕར་འགྱོ་མིའི་ གདོང་ལེན་འབད་དགོ་པ་ཅིན་ སྤྱི་ལོ་༢༠༣༥ ལུ་ ཐོན་ཤུགས་བརྒྱ་ཆ་༢༦ ཡར་སེང་འབད་དགོཔ་འདུག།
ལུང་ཕྱོགས་འདི་ནང་གི་ མི་འབོར་ཡང་ ལོ་བསྟར་བཞིན་དུ་ ས་ཡ་༡༩ དེ་རེ་ ཡར་སེང་འགྱོ་ནི་ཨིནམ་ལས་ བཟའ་ཆས་ཐོན་སྐྱེད་ཡར་སེང་འབད་ནི་གི་ དུས་ཚོད་ན་འཐན་རན་ནུག།
མ་གཞི་ སོ་ནམ་ཐོན་སྐྱེད་མར་འབབ་འགྱོ་དོ་ཡོད་མི་དེ་ ས་ཞིང་དང་ ཞིང་ཆུ་ལང་མེད་མི་དང་ ས་ཆའི་བཅུད་མར་ཉམས་ མཐའ་འཁོར་གནས་སྟངས་ཉམས་ཉེན་དང་ གནམ་གཤིས་འགྱུར་བགྲོས་ཚུ་ལུ་བརྟེན་ཨིན་རུང་ འབྲུག་གི་དཀའ་ངལ་དེ་ མ་འདྲཝ་སྦེ་ཡོད་མི་དེ་ཡང་ རྒྱལ་ཁབ་ཀྱིས་ བཟའ་ཆས་ཚུ་གི་ཐད་ལུ་ལྷོདཔ་ད་ རང་འཚོ་རང་ལྡང་བཟོ་ནི་དང་ བཟའ་ཆས་ཀྱི་ ཉེན་སྲུང་ཡོདཔ་བཟོ་ནི་དེ་ གལ་ཆེཝ་སྦེ་ ངོས་འཛིན་འབད་དེ་ ལོ་ངོ་ལེ་ཤ་ ཡར་སོང་རུང་ སོ་ནམ་གྱི་དོན་ལུ་ ས་ཆ་ལག་ལེན་དེ་ འདས་པའི་ལོ་དག་པ་ཅིག་ལས་ མར་ཉམས་འགྱོ་ནི་ འགོ་བཙུགས་མི་དེ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ད་རེས་ནངས་པར་ རྒྱལ་ཁབ་འདི་ ནང་འཁོད་གཡུས་ཆུམ་གྱིས་ བརྒྱ་ཆ་༤༧ རྐྱངམ་གཅིག་ ལང་ཚུགསཔ་ཨིན་མས།
བཟའ་ཆས་ཉེན་སྲུང་དང་ སོ་ནམ་ཐོན་ཤུགས་ལ་སོགས་པའི་ ལས་འགུལ་ཚུ་ གཞི་བཙུགས་འབད་མི་དེ་ བཟའ་སྤྱོད་ཀྱི་རིགས་ ནང་འདྲེན་མར་ཕབ་འབད་ནི་རྐྱངམ་གཅིག་གིས་མ་དོ་བར་ ཨ་ལོ་ཚུ་ལུ་ ཟད་བཅུད་ཉུང་པའི་ དཀའ་ངལ་སེལ་ནི་ལུ་ ལྷན་ཐབས་འབདཝ་ཨིན་རུང་ སོ་ནམ་གྱི་ཐོན་སྐྱེད་ རྒྱ་ཆེཝ་སྦེ་འབད་ནི་ འགོ་མ་བཙུགས་པར་ཡོདཔ་ཨིན།
འབྲུག་གི་དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སྦེ་ འགྱོ་མི་དང་བསྟུན་ ང་བཅས་རའི་ མི་སྡེ་ཡང་ བསྒྱུར་བཅོས་འགྱོཝ་བཞིན་དུ་ གྲོང་གཡུས་ལས་ ཁྲོམ་སྡེ་ནང་ གནས་སྤོ་འགྱོ་མི་ ཡར་སེང་འགྱོཝ་མ་ཚད་ བཟའ་སྤྱོད་འབད་བཏུབ་པའི་ ས་ཞིང་བརྒྱ་ཆ་༢.༥ དེ་ཅིག་ལས་བརྒལ་མེད་མི་དེ་ཡང་ གྲོང་གཡུས་ཚུ་ནང་ སོ་ནམ་གྱི་ ལཱ་འབད་མི་གངམ་མེད་པར་ ས་ཞིང་ཚུ་ ཚལ་མ་ལུ་གྱུར་ཏེ་ སོ་ནས་ས་ཞིང་ ལོ་གཅིག་བ་ལོ་གཅིག་ ཆུང་སུ་ཆུང་སུ་འགྱོ་བའི་ གདོང་ལེན་བྱུང་སྟེ་ཡོདཔ།
འདི་བཟུམ་མའི་ གནས་སྟངས་ནང་ འབྲུག་གིས་ སོ་ནམ་གྱི་ཐོན་སྐྱེད་ ཡར་སེང་དང་ ཡར་རྒྱས་གཏང་ཐབས་ལུ་ འཆར་གཞི་ལེགས་ཤོམ་ཅིག་ བརྩམ་དགོ་པའི་ དུས་ཚོད་ལུ་ལྷོད་ནུག།
འདི་འབདཝ་ལས་ ང་བཅས་ཀྱིས་ སོ་ནམ་དང་འབྲེལ་བའི་ ཐོན་སྐྱེད་ཡར་སེང་འབད་དགོ་པ་ཅིན་ སོ་ནམ་སྡེ་ཚན་དེ་ར་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ཐོག་ལས་ ང་བཅས་རའི་ ན་གཞོན་ཚུ་གིས་ སོ་ནམ་ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་ཚུགསཔ་ བཟོ་དགོཔ་བཞིན་དུ་ མཐའན་མཇུག་ལུ་ ན་གཞོན་ལཱ་གཡོག་མ་ཐོབ་མིའི་ གྱངས་ཁ་ཡར་སེང་འགྱོ་མི་དེ་ མར་ཕབ་དང་ སོ་ནམ་གྱི་ ཐོན་སྐྱེད་ཡར་སེང་འབད་ཚུགས།

About admin

Check Also

རྒྱལ་ཡོངས་ཚོགས་སྡེ་དང་ བརྡ་བརྒྱུད་གྱི་བར་ན་ མཉམ་འབྲེལ་ཁག་ཆེ་ནི།

༉ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ བརྡ་བརྒྱུད་ཀྱི་འཐུས་མི་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གཙུག་སྡེ་༢ ཀྱི་བར་ན་ མཉམ་འབྲེལ་འབད་དགོཔ་ ཁག་ཆེ་བའི་སྐོར་ གཅིག་གིས་གཅིག་ལུ་ ངོས་ལེན་འབད་ཡི། མཉམ་འབྲེལ་ཞལ་འཛོམས་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ …

Leave a Reply

Your email address will not be published. Required fields are marked *