རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་བུཚ་ཚུ་གིས་ ཆོས་ཆས་ཚུ་ ལག་ལེན་འཐབ་སྟེ་ ཕྱི་རུའི་གསོལ་ཁ་བཏང་པའི་བསྒང་།

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས།
དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ དུས་ཡུན་སྐར་མ་༣༠ དེ་ཅིག་གི་རིང་ ཆོས་ཆས་རོལམོ་དང་ དུང་ དེ་ལས་ རྒྱ་གླིང་ཚུ་ ལག་ལེན་འཐབ་སྟེ་ བསང་གཏང་ནི་དང་ རླུང་རྟ་བསགས་དོ་ཡོདཔ་ད་ ཕྱི་རུ་འབད་བ་ཅིན་ ཆུ་ཚོད་༡ ལྷགཔ་ཅིག་ ལྷ་ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་ཁ་ཕུལ་དོ་ཡོདཔ་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ སློབ་དཔོན་སངས་རྒྱས་ཚེ་རིང་གིས་ སླབ་མིའི་ནང་ གསོལ་ཁ་ཡང་ མ་ཛ་དམ་གསུམ་མམ་ ལྷ་ཆེན་རྩ་གསུམ་ཟེར་ མ་ནིང་ནག་པོ་དང་ ཛ་ར་ཧུ་ལ་ དེ་ལས་ ཆོས་སྐྱོང་དམ་ཅན་གསུམ་ལུ་ གསོལ་ཁ་ཕུལ་དོ་ཟེར་ཨིནམ་ད་ སྤྱིར་བཏང་བསངས་འབད་བ་ཅིན་ རི་བོ་བསངས་མཆོད་དང་ རླུང་རྟ་ཚུ་ བསགས་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆོས་ཕྱོགས་ཀྱི་ལས་རིམ་དེ་ སྤྱི་ལོ་༢༠༠༤ ལུ་ སློབ་ཕྲུག་གཅིག་གིས་ ཆོས་ཕྱོགས་ཀྱི་ལས་རིམ་ འགོ་བཙུགས་པ་ཅིན་ཟེར་ སློབ་དཔོན་ཚུ་ལུ་ གྲོས་བསྟུན་འབད་བའི་མཐའ་མར་ སློབ་གྲྭ་ནང་ འགོ་བཙུགས་ནུག་ཟེར་ཨིནམ་ད་ དེ་ཡང་ སློབ་དཔོན་ཤེས་རབ་རྡོ་རྗེ་དང་ སློབ་དཔོན་བདེ་ཆེན་དབང་འདུས་༢ ཀྱིས་ འགོ་འདྲེན་ཐོག་ལས་ འགོ་བཙུགས་ནུག་ཟེར་ ཨིན་པས།
སློབ་དཔོན་སངས་རྒྱས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ ཆོས་ཕྱོགས་ཀྱི་སྡེ་ཚན་ནང་ སློབ་ཕྲུག་༣༦ ལྷགཔ་ཅིག་ཡོད་ཟེར་ཨིནམ་ད་ སྡེ་ཚན་ནང་ གསོལ་ཁ་གཏང་ཐངས་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ སྟོན་བྱིན་དོ་ཟེར་ཨིནམ་པས།
སློབ་ཕྲུག་ཚུ་གིས་ རོལམོ་བརྡུང་ཐངས་དང་ དུང་དང་ རྒྱ་གླིང་འཕུ་ཐངས་ བསངས་གཏང་ཐངས་ དེ་ལས་ ཆོ་གའི་རིམ་པ་དང་འཁྲིལ་ ལག་པའི་ཕྱག་རྒྱ་ཚུ་ སློབ་གྲྭའི་ཀུན་ཚང་ཤེས་ཡོན་གྱི་ཉིནམ་དང་འབྲེལ་ རེས་གཟའ་ཕུར་བུ་ལུ་ སྦྱང་བ་འབད་དོ་ཡོདཔ་ཨིན་པས།
ཆོས་ཕྱོགས་ཀྱི་ལས་རིམ་ འགོ་བཙུགས་པའི་སྐབས་ལས་ར་ བསང་དང་རླུང་རྟ་ དེ་ལས་ གསོལ་ཁའི་རིམ་པ་ཚུ་ སློབ་ཕྲུག་གཅིག་གིས་གཅིག་ལུ་ སྤེལ་བཞག་པའི་ ལམ་སྲོལ་གཅིག་སྦེ་སྡོད་ནུག་ཟེར་ སློབ་ཕྲུག་གྲུབ་ཐོབ་དོན་གྲུབ་ཀྱིས་ བཤད་པའི་ཁར་ སློབ་གྲྭ་ནང་ རྒྱུན་མ་ཆད་པར་ བཞག་པའི་ལམ་སྲོལ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གསོལ་ཁའི་རིམ་པ་དང་ བསངས་གཏང་ཐངས་ དེ་ལས་ ཆོས་ཆས་ཀྱི་རིགས་ ལག་ལེན་འཐབ་ཐངས་ཚུ་ ཆ་རོགས་ཤེས་མི་ཚུ་ལས་ ལྷབ་སྦྱང་འབད་དོ་ཟེར་ཨིན་པས།
ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ བཏུབ་མ་བཏུབ་སྦེ་ སྟོན་ནིའི་དོན་ལུ་ རང་བྱུང་འོད་གསལ་ཆོས་གླིང་གྲྭ་ཚང་གི་ མཁན་པོ་དང་ སློབ་དཔོན་ཚུ་ལུ་ གྲོས་བསྟུན་འབད་ཡི་ཟེར་ སློབ་དཔོན་སངས་རྒྱས་ཚེ་རིང་གིས་ བཤད་པའི་ཁར་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཆོས་ཕྱོགས་ཀྱི་རིམ་པ་ ཚུལ་བཞིན་དུ་ ལག་ལེན་འཐབ་ཤེས་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
ཆོས་ཕྱོགས་ཀྱི་ལས་རིམ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་བཞིའི་གྲས་ལས་ ཆོས་དང་ལམ་སྲོལ་ནང་ཚུད་དོ་ཡོདཔ་ད་ སློབ་ཕྲུག་ཚུ་གིས་ སྔར་སྲོལ་ལྷབ་སྦྱང་འབད་མི་དེ་ ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་ ཨིན་པས།
སློབ་རིམ་༡༡ པའི་སློབ་ཕྲུག་ ཚེ་དབང་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཆོས་ལུ་དད་པ་དང་ སྤྲོ་བ་ར་ཡོད་པ་ཅིན་ ཆོས་ཆས་ལག་ལེན་འཐབ་མ་ཤེསཔ་ཅིག་ ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༦ ལུ་ ཆོས་ཕྱོགས་ཀྱི་སྡེ་ཚན་ནང་ འཛུལ་བའི་ཤུལ་ལས་ ཆོས་ཆས་ཀྱི་རིགས་ཚུ་ག་ར་ ལག་ལེན་འཐབ་ཤེས་ཅི་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་ལས་ར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ འཛུལ་ནིའི་སེམས་ཡོད་རུང་ གོ་སྐབས་མ་ཐོབ་ཟེར་ཨིནམ་ད་ ཁོ་གི་ ན་ཧིང་ལས་རྐྱངམ་གཅིག་ འཛུལ་ཞུགས་འབད་ཚུགས་ཡི་ཟེར་ཨིནམ་ད་ ཆོས་ཕྱོགས་སྡེ་ཚན་ནང་འཛུལ་ནིའི་ དང་འདོད་ཡོད་མི་ ལེ་ཤ་ཡོད་ཟེར་ཨིན་པས།
སློབ་ཕྲུག་ལ་ལོ་ཅིག་གིས་ རང་སོའི་ ཕམ་དང་སྤུན་ཆ་ཚུ་ ཆོས་དང་འབྲེལ་བ་ཡོད་མི་ཚུ་ལས་ ལྷབ་དོ་ཡོད་རུང་ མང་ཤོས་ཀྱིས་ སྡེ་ཚན་ནང་ འཛུལ་ཞིནམ་ལས་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས།
སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ སློབ་ཕྲུག་ལ་ལོ་ཅིག་གིས་ སློབ་གྲྭའི་ངལ་གསོ་སྐབས་ ལོ་ཆོག་དང་ རིམ་གྲོ་ལ་སོགས་པ་བཏང་སར་ སྒོམ་ཆེན་ཚུ་དང་གཅིག་ཁར་ འགྱོ་ནི་ཡོད་ཟེར་ཨིནམ་ད་ དེ་ཡང་ གཡུས་ཁ་ལས་ཕར་ སྒོམ་ཆེན་མ་ལང་པའི་སྐབས་ ཆ་རོགས་འབད་བར་འགྱོ་དོ་ཟེར་ ཨིན་པས།
སློབ་གྲྭ་དེ་ ས་གནས་ཚུབས་དྲགས་ཅིག་ནང་ ཆགས་ནི་དེ་གིས་ ལྷ་ཆོས་སྐྱོང་སྲུང་མ་ཚུ་ལུ་ བསངས་དང་གསོལ་ཁ་ཕུལ་བ་ཅིན་ སློབ་ཕྲུག་དང་ ས་གནས་ནང་སྡོད་མི་ཚུ་ལུ་ ཕན་ཡོན་ཡོད་ཟེར་བའི་ ཡིད་ཆེས་ཡོད་མི་ལུ་བརྟེན་ སྡེ་ཚན་དེ་གིས་ རྒྱུན་མ་ཆད་པར་ བཏང་དོ་ཟེར་ སློབ་དཔོན་སངས་རྒྱས་ཚེ་རིང་གིས་ བཤད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། རང་བྱུང་།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *